R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༢༨༤
[A:༢༨༤]སོང་བས་རྟགས་མངོན་དུ་གྱུར་པ་ཞིག་བྱུང་ངོ༌། དེས་མཚོན་པའི་བཟློག་པ་འདི་ཉིད་སྔ་ཕྱིར་ལན་ཁ་རེ་བྱས་པས། རེས་འགའ་གཏོར་མ་ས་ལ་ཐིམ་པ་དང༌། རེས་འགའ་ཟོར་སྐམ་རློན་ལ་མེ་མེད་པའི་དུ་བ་འཕྱུར་བ་སོགས་བྱུང་མོད། ཐམས་ཅད་མ་སྤྲོས། གོང་སྨན་སྒྲུབ་སྐབས་ཁམས་ནས་ཆོས་རྒྱལ་མཚན་གྱི་ཇ་གསིགས་སོགས་ཀྱི་སྐྱེལ་མ་དང་མི་འདི་ལ་ཆོས་མང་པོ་གནང་དགོས་ཟེར་བ་སླེབ། མཚམས་འདི་མ་གྲོལ་བར་ཕྲད་མི་ཐུབ་པ་འདུག །དེ་ནས་གང་ཡོང་བྱེད་བྱས་པས། ཡུས་ཀྱིས་བརྒྱལ་བའི་ད་ལྟ་དགོས་ཇ་ཡང་འབུལ་ཟེར་བ་ལ་ད་ལམ་ཡི་དམ་དང་ཇ་བརྗེ་བོ་མི་ཡོང་བྱས། ཕྱིས་སུ་བློས་མ་ལོང་བ་དང་བཅས་བྱུང་བས་ཆོས་ཕྲན་བུ་མ་གཏོགས་རྟེན་འབྲེལ་མ་འགྲིག་སོང༌། དེ་ནས་དོན་གསུམ་པ་ཕག་ལོ་མཚམས་མེ་བྱས་པའི་ཁོང་ནས་ཆོས་འདོད་ཕྲན་པ་ལ་ཆོས་སྦྱིན་ཅི་ནུས་དང༌། ཉེར་གཅིག་མཆོད་ཀྱི་སྒྲུབ་མཆོད་དགེ་རྒྱུན་ལ་དམིགས་ནས་ཆོས་སྡེ་འདི་ཉིད་ཀྱི་མདུན་ངོས་སུ་སྤྱི་ཁང་ཆེན་པོ་ཞིག་འདེབས་རྩིས་བྱས། གོང་ནས་ཀྱང་དགེ་བའི་རྒྱུན་ལ་དགོངས་མཐུན་རྐྱེན་ལེགས་ལམ་ཕུན་སུམ་ཚོགས་པ་གནང༌། དེར་སྡོད་ཀྱི་ཕོ་མོ་རྣམས་ལ་ཁྲལ་རིགས་ཀྱི་རྒྱུན་སྤངས་ནས་སྦྱོར་སྟོད་གནང་ཡོངས་སུ་རྫོགས་པར་མཐར་ཕྱིན། ཟླ་བ་བཞི་པའི་ནང་དུ་མཚོ་སྒོར་ཁོར་ཙམ་ཕྱིན། ཕར་ལམ་དགེ་འཕེལ་དུ་པདྨ་དབང་ཆེན་གྱི་དབང་ཉིད་རྒྱས་པར་བྱས། རྭ་འཁྲིད་སོགས་ཆོས་ཀྱི་ཐུགས་བཞེད་ཅི་ནུས་སྒྲུབ། མགྱོགས་སྐོར་བྱས་ཡོངས། ལྷ་རྒོད་གངས་ཀྱི་རྭ་བའི་ནུབ་ཀྱི་ལྕགས་མཚོ་སྔོན་མོའི་འགྲམ་དུ་ཕན་ཚུན་གྱི་མི་དབང་ཞལ་ངོ་རྣམས་ཀྱི་སྐྱེལ་བསུ་འཛོམ་པ་དང་ལུས་སེམས་དུབ་པ་རྣམས་