R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༢༨༥
[A:༢༨༥]ཅུང་ཟད་ངལ་གསོས། དེ་ནས་ཕུ་པ་སྐྱ་སེར་རྣམས་ཀྱིས་བསུ་བ་བཟབས་སྤྲོད་དང་བཅས་དགེ་འཕེལ་དུ་བསྡད། ཆུ་ཚན་ལ་ཁོར་བ་ཕྱིན་རིམ་པས་གདན་ས་ཆེན་པོར་སླེབ། ཡར་ཀླུངས་བཀྲ་ཤིས་རྩེ་ནས་རྗེ་བཙུན་བླ་མ་ཚར་པ་རྗེའི་ཞལ་སྔ་ནས་ཀྱི་གསུང་ལས་སྐྱེས་པའི་མཁན་ཆེན་ཡོལ་པ་དེ་ཉིད་ཆོས་དབྱིངས་སུ་གཟིམས་པའི་གནས་ཚུལ་དང༌། གསེར་གདུང་དྲུང་དུ་མར་མེ་རྒྱུན་སྤར་དང༌། ལྷ་རྫས་ཀྱི་བརྙན་དར་མཆོད་རྫས་ཀྱི་གསུང་སྙན་སོགས་དང༌། དགེ་འདུན་ཚོགས་པར་ནག་རྩེ་བདེན་ཇའི་མང་ཇ་ཟུང་དང་འགྱེད་ཆས། འདིར་ཡང་བསྔོ་བའི་རྟེན་དཔག་མེད་དང་བཅས་མཁན་ཉིད་ཀྱི་གསུང་ལས་བྱོན་པའི་བཤེས་གཉེན་བཅུ་ཕྲག་ཙམ་དང་བཅས་འབྱོར་བྱུང་བས་གསོལ་འདེབས་བསྔོ་བའི་སྨོན་པ་རྒྱ་ཆེར་བསྒྲུབས། ཁོང་རྣམས་ལ་དཔལ་ཁའུ་བྲག་རྫོང་བའི་སྙན་བརྒྱུད་ཀྱི་བདུད་རྩི་འདོད་པའི་རེ་བ་མཐར་ཕྱིན་པར་བྱས། དམ་ཚིག་པའི་བུ་ལ་གདམས་པའི་ཡེ་ཤེས་ཀྱི་རྒྱས་བཏབ་སྟེ་བསྟན་པ་ཕྱོགས་མཐར་རྒྱས་པར་བྱས། ཡར་ཀླུང་ཆོས་སྡེ་ཉིད་ན་དམ་པ་དེས་གནང་བའི་ཆོས་སྐྱོང་རྣམས་ཀྱི་སྐུ་བརྙན་སོགས་ཀྱི་བར་ཆད་བསྲུང་བའི་ཆེད་དུ་བླ་མའི་ཐུགས་དམ་ཡེ་ཤེས་ཀྱི་རྡོ་རྗེ་དགོས་ཟེར་བ་ལྟར་བསྟན་པ་བསམས་ནས་ཐུགས་བཞིན་བསྒྲུབས་ངོས་ལ་ཡང་རྗེ་བླ་མ་དང་དེའི་བསྟན་པ་བསམ་ཡོང་དགོས་གསུངས་ཀྱང༌། ན་སོ་སྨིན་པ་དང་ས་ཁད་འགྱངས་པ་ལ་བརྟེན་ཕན་ཐོགས་ཡོང་བ་དཀའ། དེ་བས་བསྟན་པའི་ཉི་མ་ཨྱོན་གཉིས་པའི་དབོན་དྲུང་མཁྱེན་རབ་གདུལ་བྱའི་མཁའ་ལ་བྱིན་རླབས་ཀྱི་འོད་ཟེར་འབུམ་ཕྲག་འགྱེད་པར་ནུས་པའི་སྔགས་འཆང་དབང་ཕྱུག་