R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༢༨༦
[A:༢༨༦]རབ་བརྟན་སྤྱན་འདྲེན་པར་འོས་སོ་ཞེས་པ་ཕུལ། དེ་ལྟར་དངས་ལེན་མཛད་སོང་བས་དེ་ཕྱོགས་ཀྱི་རེ་འདོད་ཐམས་ཅད་འགྲུབ་པར་གོ་བས་བློ་བདེ། དེ་ནས་དོན་བཞི་པ་བྱི་ལོ་དགེ་སྦྱོར་དང་ཆོས་འཆད་ཅི་ནུས་སྐབས་ནས་རྩེ་སོགས་ཁེར་མ་བྱས་བསྡད། རྒྱལ་བའི་བསྟན་པ་དེ་འཛིན་གྱི་སྐྱེས་ཆེན་རྣམས་ལ་ལྷག་བསམ་གྱི་ཐུགས་མདུན་གཞལ་དུ་མེད་པ། གཟུར་གནས་ཀྱི་མཁས་པ་ཐམས་ཅད་དགའ་བ་བསྐྱེད་པར་ནུས་པའི་དཔའ་བོ། རྣམ་དཔྱོད་ཀྱི་མཁྱེན་རབ་ནམ་མཁའི་ཁྱོན་ལྟར་ཡངས་པ། མཐུ་སྟོབས་ཀྱི་འགྲན་ལ་སྔོན་རབས་ཀྱི་རྒྱལ་བརྒྱུད་བསྐྱངས་པར་མཛད་པའི་ཆོས་སྐྱོང་བའི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་རྣམ་པར་འཕྲུལ་པ་དགྲ་འདུལ་དྲུང་གིས་ཆེད་དུ་བསྐུལ། བང་མཛོད་ཐམས་ཅད་ཁ་ཕྱེ་ནས་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟར་ཕྱོགས་གཅིག་ཏུ་མཛད། མཁའ་མཉམ་འགྲོ་བའི་དོན་དུ་ཐར་པའི་རྒྱུར་འགྲོ་བའི་བག་ཆགས་ཀྱི་ས་བོན་བཟང་པོ་འདེབས་པའི་སྐྱེ་བ་བདུན་པའི་ཤ་ལ་བརྟེན་པའི་རིལ་བུ་སྒྲུབ་པའི་སྒྲུབ་པ་ཞིག་གནང་དགོས་ཕེབས། དེ་ལྟར་ཅི་གསུང་དང་ལེན་བྱས། རྟེན་དེའི་སྟེང་དུ་རྫོགས་པའི་སངས་རྒྱས་ཀྱི་འཕེལ་གདུང༌། ཤཱ་རིའི་བུ་སོགས་ཉན་ཐོས་རྣམས་ཀྱི་གདུང༌། ཨྱོན་བླ་མའི་བྱང་སེམས་ཀུནྡ་དཀར་པོ། །མཁའ་འགྲོ་འབུམ་གྱི་གཙོ་མོ་ཡེ་ཤེས་འཚོ་རྒྱལ་གྱི་པད་རག །ཆོས་རྒྱལ་གསུང་གི་སྐྱེ་བ་ཆོས་དབང་གི་སྐུ་ཤ །སྣ་ནམ་པའི་སྐྱེས་མཐའ་རྒོད་ལྡེམ་པའི་སྐུ་ཤ །ལྷོ་བྱང་གི་གཏེར་ཁ་སོ་སོའི་ཆོས་སྨན་ཕྱེ་མ། རྒྱ་གར་གྱི་ལོ་པཎ་སོ་སོའི་གདུང་ཤངས་མཚལ་དབུ་ལོ་ན་བཟའ་སོགས་དང༌། རྗེ་བཙུན་ས་སྐྱ་པའི་གདུང་བརྒྱུད་གོང་མ་རྣམས་ཀྱི་གདུང་ཤངས་མཚལ་དབུ་ལོ་ན་བཟའ། རྗེ་བཙུན་