R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༢༨༧
[A:༢༨༧]ས་པཎ་གྱི་འཕེལ་གདུང༌། ཐེག་ཆེན་རིན་པོ་ཆེའི་སྐུ་ཤ །གོང་མ་སོ་སོའི་བདུད་རྩི་རིལ་བུ། རྗེ་བཙུན་ཀུན་དགའ་བཟང་པོའི་དབུ་ལོ་སོགས་དང༌། གྲུབ་ཐོབ་ཆེན་པོའི་དབུ་ལོ་ན་བཟའ། ཚེ་སྒྲུབ་རིལ་བུ་སོགས་མདོར་ན་རྒྱ་བོད་ཀྱི་སྐྱེས་ཆེན་ཚད་མས་གྲུབ་པ་ཐམས་ཅད་ཀྱི་བྱིན་རླབས། རྩ་བ་དང་བརྒྱུད་པའི་སྐྱེས་བུ་མཚན་ཉིད་ཚང་བ་ཀུན་གྱི་བྱིན་རླབས་ཡིད་ཆེས་རྙེད་པ་རྣམས་ཀྱིས་གཞི་བྱས། དེ་དག་ལ་བརྟེན་པའི་རྒྱུ་རིན་པོ་ཆེ་སྣ་ཚོགས་ཚད། སྨན་རིན་པོ་ཆེ་ཚོགས་ཚད། འབྲུ་རིན་པོ་ཆེ་ཚོགས་ཚད༌། དེ་སོགས་ཇི་ལྟར་དགོས་པའི་ཡོ་བྱད་སྒྲུབ་ཁོག་གཞུང་ནས་བཤད་པ་ལྟར་མ་ཚང་བ་མེད་པར་བྱས། མཚན་ཉིད་དེ་ལྡན་གྱི་རིལ་བུ་སྒྲིལ་བ་རྣམས་ཀྱང་གཞུང་དང་མཐུན་པར་མི་དབང་ཉིད་ཀྱིས་སྟ་གོན་གནང༌། དུས་ལ་བབས་པའི་ཚེ་ཟླ་བ་དྲུག་པའི་ཉེར་ལྔ་ལ་ཕུན་སུམ་ཚོགས་པ་ཀུན་ཚང་བའི་གནས་ཀྱི་གཙུག་ལག་ཁང་ཆེན་པོར་འཕགས་པ་ཐུགས་རྗེ་ཆེན་པོའི་ལས་གཞུང་གི་སྟེང་ནས་སྒྲུབ་ཅིང་ཚེས་བཅུའི་མཆོད་པ་རྒྱས་པར་བསྒྲུབས། གཟུངས་ཐག་འཛིན་པའི་སྒྲུབ་པོ་བཅུ་གཅིག །འཕྲིན་ལས་གྱེར་བའི་སྒྲུབ་པོ་བཅུ་ཕྲག་གསུམ་ཙམ་དང༌། གཞན་ཡང་གཟུངས་རྒྱུན་མི་འཆད་པར་སྒྲོག་པའི་སྐྱེ་བོ་བརྒྱ་ཕྲག་དང་བཅས་སྒྲུབ་པ་ཞག་གསུམ་སོང་བའི་སྔ་ཐུན་གྱི་ཐོག་མར་བརྒྱུད་པ་རིན་པོ་ཆེ་ལ་རྩེ་གཅིག་ཏུ་གསོལ་བ་ཕུར་བཙུགས་སུ་བཏབ་པས། པོ་ཏ་ལ་སོགས་སངས་རྒྱས་ཀྱི་ཞིང་ཁམས་རྣམས་ན་བཞུགས་པའི་དཀར་ཕྱོགས་ཀྱི་ལྷ་རྣམས་དགྱེས་པའི་མེ་ཏོག་གི་ཆར་ཉི་མ་སྦྲེལ་ནས་འབབ་པ་དང༌། ཞག་བཞི་སོང་བའི་དགོངས་ཐུན་གྱི་འཛབ་ཀྱི་སྐབས་སུ་ངེད་རང་མཆོད་ཡོན་ཀུན་