R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༢༨༨
[A:༢༨༨]དཀྱིལ་འཁོར་ཁང་པ་ལ་སྐོར་བ་བྱེད་པའི་གྲོགས་མཛད་དེ། འཕགས་པའི་དཀྱིལ་འཁོར་གྱི་བཀའ་ཉན་ལྷག་བདུད་ཀྱི་ཕོ་ཉ། ལྷ་ཆེན། ཀླུ་ཆེན། གཟའ་ཆེན། རྒྱལ་ཆེན། ཧ་རི་ཀ །པཎ་ཙི་ཀ་སོགས་ཀྱི་སྲུང་མ་ཐམས་ཅད་དང༌། གཙུག་ལག་ཁང་གི་གནས་བདག་གཉུག་མར་གནས་པའི་དམ་ཅན་མགར་བ་ནག་པོ། །བདུད་མོ་ཐ་ཆུང་རེ་མ་ཏི་སོགས་དཀར་ཕྱོགས་སྐྱོང་བ་ཐམས་ཅད་ཡོལ་བ་གསུམ་རིམ་གྱིས་ནང་ན་སྐོར་བ་དང་གཟུངས་རྒྱུན་ཆེར་སྒྲོག་པའི་ཉམས་འུར་ལང་ལ་ཁད་པ་བྱུང༌། ཞག་ལྔ་སོང་བའི་སྔ་ཐུན་གྱི་བར་ལ་གཉིད་ཀྱི་རྣམ་པ་ཐུང་ཙམ་བྱུང་བའི་རྨི་ལམ་ན་རྗེ་བཙུན་སྤྲུལ་སྐུ་ཆེན་པོ་པདྨ་རྒྱལ་པོའི་སྐུ་ཉིད་མྱུག་རྒྱལ་ཁང་དུ་སྐྱེ་བདུན་སྒྲུབ་པའི་སྐབས་ཀྱི་སྐུའི་མདངས་ཇི་ལྟ་བ་དང༌། གཡས་ན་འཁྲུལ་ཞིག་ཆོས་སྐྱོང་བསོད་ནམས་ཡིན་ཟེར་བའི་སྐུ་གཟི་བརྗིད་ཆེ་བ་ཞིག་དང༌། གཡོན་ན་ཚར་ཆེན་ཡབ་སྲས་དང་བཅས་དགྱེས་པའི་ཞལ་འཛུམ་གྱི་མདངས་ཡལ་བ་བྱས་པ་ཞིག་རྨི། གཉིད་དྭངས་པ་ན་ཨེ་མ་ཧོ་ང་ཡང་བསོད་ནམས་ཆེ་དེ་ལྟ་བུའི་བསླུ་མེད་ཀྱི་བླ་མ་རྣམས་དང་མཇལ་སྙམ་པ་དང༌། ད་སྙིང་པོ་བདག་དང་བདག་ལ་ལྟོས་པ་ཐམས་ཅད་ཨྱོན་བླ་མའི་དྲུང་དུ་སྐྱེ་ངེས་ཀྱི་སྨོན་པ་ཡིད་ཆེས་ངེས་ཤིག་བཏབ། དེ་ནས་བཟུང་དྲི་བཟང་གི་ངད་པ་འཐུལ་བཞིན་པ་དང་བཅས་འཕྲིན་ལས་ཀྱི་མཆོད་པ་བརྒྱད་བརྒྱ་ཁ་འཐོར་ཙམ་སོང༌། དེ་ཡང་བསྟན་པ་དང་དེ་འཛིན་གྱི་སྐྱེས་ཆེན་ཐམས་ཅད་ཡུན་དུ་གནས་པ་དང༌། འཕྲིན་ལས་འགག་མེད་དུ་དར་བ་ལ་དམིགས་ནས་སུམ་བརྒྱ། སྦྱིན་པོ་ཉིད་དང་གདུང་རབས་ཀྱི་མངའ་ཐང་ཐམས་ཅད་གོང་འཕེལ་དུ་རྒྱས་པ་དང༌། རྐྱེན་གྱི་བདུད་རིགས་ཐམས་ཅད་