R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༢༨༩
[A:༢༨༩]དཔའ་གཞོམ་པ་ལ་དམིགས་ནས་ཉིས་བརྒྱ་འཐོར་བ། སྒྲུབ་པོ་བདག་སོགས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་གཉིས་བག་ཆགས་ངན་པ་སྦྱངས་ཏེ་འཁོར་བ་རྒྱུན་གཅོད་པ་ལ་དམིགས་ནས་སུམ་བརྒྱ་དང་བཅས་པ་བསྒྲུབས། དེ་བར་ལ་བཟའ་བ་དང་བཏུང་བའི་བྱེ་བྲག་གནང་བ་པོ་ནི་ནམ་མཁའི་མཛོད་ལ་ལོངས་སྤྱོད་པ་ལྟར་ཉིན་མཚན་ཁོར་ཡུག་ཏུ་བྱུང༌། དེ་སྦྱོར་བ་པོ་ཐམས་ཅད་པོ་ཏ་ལ་སོགས་ཕྱིར་མི་ཟློག་པའི་ཞིང་དུ་སྐྱེ་ངེས་ཀྱི་ངེས་འདྲོངས་བྱུང་བ་ཡིན། འཕགས་པའི་གཡོན་གྱི་འོག་མའི་པདྨ་ལ་དེ་ཀུན་གནས་པ་འདུག་པས་འཁོར་བའི་སྐྱོན་གྱིས་མ་གོས་པར་གོ །དཀྱིལ་འཁོར་དེ་ཉིད་དུ་རྩ་བའི་དབང་དང༌། དེས་སྨིན་པའི་སྐལ་བ་བཟང་པོའི་རྒྱལ་འབངས་ཇི་སྙེད་ལ་སྒྲུབ་དབང་ཤིན་ཏུ་རྒྱས་པ་རིལ་བུའི་དབང་དང་བཅས་པ་བསྒྲུབས། རིལ་བུ་ལ་འཕེལ་རྒྱས་སྒྲུབ་གཞུང་གི་ཐོག་མ་བྱུང་བ་དང༌། མཐོང་བས་ཡིད་འཕྲོག་པ་དྲི་བཟང་གིས་གཞུང་སྟོད་དུ་མ་ཁེངས་པ་དང༌། དེས་མཚོན་པའི་དགེ་མཚན་དཔག་པར་དཀའ་བ་དང༌། འདི་ཉིད་མྱོང་བས་གྲོལ་བའི་རྟགས་མཚན་དུ་མ་དང༌། རིང་བསྲེལ་གྱི་ཚོགས་ཀྱང་མཐོང་བས་གྲོལ་བ་ཡོད་དོ། །དེ་ནས་ཟླ་བ་བཅུ་གཅིག་པའི་ནང་དུ་དབོན་རིན་པོ་ཆེ་ཁོར་པ་ཕེབས་བྱུང་བས་ཐུགས་བཞེད་ཀྱི་དོན་མ་ལུས་པར་བློ་ནུས་ཀྱི་རིག་པ་རྩལ་དང་བཅས་པས་བསྒྲུབས། འདི་ཚོར་རྟེན་འབྲེལ་བསྒྲིག་པ་ཡིན་པས་སྦྱོང་དཀྱིལ་བཅུ་གཉིས་ཀྱི་གཙོ་བོ་ཀུན་རིག་རྣམ་སྣང་གི་དབང་ཇི་ལྟར་འོས་པའི་གདུལ་བྱ་འདི་རྣམས་ལ་སྩལ་བ་དགོས་ཞུས་པ་ལྟར་བཀའ་དྲིན་བསྐྱངས། དེ་ནས་ངེད་རང་ཤུལ་དུ་བོར་ཤར་ཕྱོགས་ལ་ཐེགས་སོང་བསམ་པའི་རེ་བ་འདིའི་ཕྱོགས་ནས་