[A:༢༩༠]མ་རྫོགས་པ་ཞིག་ཡོད་དོ། །དེ་ནས་དོན་ལྔ་པ་གླང་གི་ལོ་དགེ་སྦྱོར་ཉིན་མཚན་དལ་མེད་བྱེད་སྐབས་བསམ་པའི་བློ་ལ་འཁུ་འཁྲིག་འདི་ལྟར་ཤར། སྔར་ནས་ཆོས་བཤད་པ་ཐམས་ཅད་ཀྱི་བསྟན་པ་ལ་ཕན་ཐོགས་ཡོད་པ་དུམ་པ་ཙམ་ལས་མི་འདུག །བསྟན་འཛིན་གྱི་སྐྱེས་བུར་ངེས་པ་ཀུན་ཀྱང་དཔོན་པོའི་ངོ་གང་ཟིན་དང་འདུ་འཛི་སུ་ཆེ་གཙོ་བོར་འདོན། དེ་ལ་བརྟེན་སེམས་ཅན་གྱི་བདེ་སྐྱིད་རྣམས་ཀྱང་ཇེ་ལོད་འགྲོ་བར་འདུག །རི་ལ་གནས་པའི་སྒོམ་ཆེན་པ་རྣམས་ཀྱང་འགའ་ཞིག་ནི་འཚོ་བས་འཕོངས་འགའ་ཞིག་ནི་རི་ཁྲོད་མི་འཛིན་པར་གྲོང་ཡུལ་ཁྱི་ལྟར་བསྐོར། འགའ་ཞིག་ནི་གཡོ་རྒྱུ་དང་ཟོག་གི་འཁོར་ལོ་རྒྱུན་མར་བསྐོར་ནས་སེམས་ཅན་མང་པོ་བསླུ། ཨེ་མ་བླ་མ་ཡབ་སྲས་རྣམས་ནི་མ་བཞུགས། འདི་འདྲའི་དུས་ངན་ཞིག་སྙམ་ལུས་སེམས་ངལ་ཞིང་སྒྱིད་ལུག་ལ་ཡི་མུག་པ་ཞིག་བྱུང༌། འོན་ཀྱང་སྔོན་གྱི་དམ་པ་རྣམས་ཀྱིས་འགྲོ་བའི་བདེ་སྐྱིད་ལ་དགོངས། ཡུལ་དང་ཡུལ་གྲུ་ཐམས་ཅད་དུ་གཙུག་ལག་ཁང་མཆོད་པའི་རྟེན་དང་བཅས་པ་བཞེངས་འདུག་ང་རང་ལ་ཡང་ཕ་བླ་མ་རྡོ་རྗེ་འཆང་བློ་གསལ་རྒྱ་མཚོའི་བསྟན་པ་འདི་ལ་དར་རྒྱས་ཤིག་ཀྱང་ཨེ་ཡོང་སྙམ་པ་དང་ཡུལ་ཕྱོགས་འདིས་གཙོ་བྱས་ཡངས་པའི་རྒྱལ་ཁམས་སུ་འགྲོ་བའི་བདེ་སྐྱིད་ལ་ཕན་ལ་རེ་བའི་ལྷག་བསམ་སྐྱེས་ནས། གཙུག་ལག་ཁང་རྟེན་དང་བཅས་པའི་ཕྱོགས་སུ་ལུས་དང་ལོངས་སྤྱོད་ཐམས་ཅད་སྤུངས་ནས་བཞེངས་པ་ནི་ཟླ་བ་ལྔ་པའི་ཚེས་གཉིས་ལ་རྒྱལ་ཕུར་དང་བསྟུན་རྨང་འདིང་བ་ནས་བཀྲ་ཤིས་མངའ་གསོལ་མན་ཆད་ཟླ་བ་ཕྱེད་ལྔའི་ཁོངས་སུ་ཡོངས་སུ་རྫོགས་པར་གྲུབ་པ་སོགས་རྒྱས་པར་འོག་ཏུ་བཀོད། དེ་སྐབས་མི་ངན་ཁ་རེ་དང་ཕྲད་པས་ལན་