[A:༡༦༥]དང༌། ཧཱུྃ་ལ་སོགས་པས་རང་བབས་སུ་འདྲེན་པ་ཞིག་བྱུང་འདུག །བྱིས་པ་གསོ་བླ་ཞིང་སྐྱེད་ཆེ་བ་གཡུར་རྫི་ཞིང་གང་གི་ཡང་འཚེ་བ་དང་བྲལ་བ་ཞིག་བྱུང་འདུག །དེ་ནས་ཆེར་སྐྱེས་ལོ་ཡང་དྲུག་ཙམ་ལོན་འབྲི་ཀློག་སོགས་ལྔ་དྲུག་དུས་ཐེབས་མ་ཆག་ཙམ་འདི་ཤེས་པ་ཡིན། བདུན་པའི་དུས་དྲིན་ཁྱེར་ཐབས་མེད་པའི་མ་མ་དེ་ཉིད་ཀྱིས་ཞལ་སྤན་གནང༌། རྗེ་བཙུན་ས་སྐྱ་པའི་གོང་མ་རྣམས་ཀྱི་བསྟོད་པ་ཡོངས་གྲགས་འདི་རྣམས་དང་གཞན་གོང་བསྟོད་ཁ་ཡར་དང་འཇམ་སྡུད། སྨོན་ལམ་བཞི་སྐོར། ཤེར་སྙིང༌། ཕྱག་འཚལ་ཉེར་གཅིག་སྒྲོལ་གསོལ་དང་བཅས་པ་ཁ་ཡར་ལ་སྦྱངས་པ་བྱས། མིང་ལྷུན་གྲུབ་ཚེ་བརྟན་རྡོ་རྗེ་ཟེར་བས། ཆོས་རྗེ་ཚེ་བརྟན་རྡོ་རྗེའི་དྲུང་ཞེས་མི་རྣམས་ཀྱིས་ཡང་འབོད། ང་རང་ཡང་དེ་གའི་ཁུར་བཞེས་བྱེད། བླ་ཚུལ་ཞིག་དེ་དུས་ནས་བྱེད་པའི་རྩིས་བྱེད། བྱིས་པ་ཡིན་ཀྱང་བདག་བླ་མ་ཡིན་ཟེར་དང་དོད་བྱེད་པ་ཞིག་ཡོད། མགོན་པོའི་བསྐང་བ་ནག་པོ་མཆོད་རྟེན། བསྟོད་འབུམ་རྙིང་མ་རྣམས་དང༌། ཀུན་རིག །ཚེ་དཔག་མེད་ལྷ་དགུའི་ཆོ་ག །རབ་གནས་དོན་གསལ་སོགས་བླ་ཆུང་ལ་དགོས་པའི་ཆོག་སྒྲིགས་ལག་ལེན་སོགས་ཚིག་དོན་ཕྲ་རགས་ཀུན་ལ་སྦྱངས་པ་བྱས་ལག་ལེན་བྱས་པས་སྐྱེ་བ་མང་པོ་ནས་སྦྱངས་པ་ཡིན་པ་འདྲ་ཟེར་མི་བྱུང་གཞན་ལག་ལེན་མཛད་པ་འདྲ་མཐོང་བས་ཨ་མ་ཨ་མ་སྙམ་པ་མང་པོ་གདའ། ལོ་བཅུར་སླེབས་ནས་ད་བདག་ཉིད་རབ་ཏུ་བྱུང་སྟེ་ཚེ་དང་སྒྲུབ་པ་མཉམ་པ་ཞིག་བྱེད་པས་གནང་འཚལ་ཞུས་པས། ཡབ་ཡུམ་གཉིས་ཀྱིས་ཡང་གནང༌། དེ་ལོ་བྱེད་པའི་རྩིས་བྱས་ཀྱང་བདུད་དབང་འདྲས་ཁྱེར་ཅུང་མ་གྲུབ་བོ། །རྒྱལ་བའི་བསྟན་ལ་ལྷག་བསམ་དད་མོད་ཀྱང༌། །སྙིགས་དུས་བདུད་