R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༡༦༦
[A:༡༦༦]དབང་ཆེས་པས་ལོ་རུ་འགྱངས། །འོན་ཀྱང་འཁྲུལ་མེད་འཁོན་སྟོན་ས་སྐྱ་པའི། །རྗེས་སུ་འཇུག་འདོད་དལ་འབྱོར་ལུས་འདི་རྙེད། །གཉིས་པ་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་ཚུལ་ལ་གསུམ་སྟེ། སོ་སོ་ཐར་པའི་སྒོར་ཞུགས་ཏེ་སྡེ་སྣོད་གསུམ་ལ་སྦྱངས་ཚུལ། རྡོ་རྗེ་ཐེག་པ་སྤྱི་དང་བྱེ་བྲག་གི་རྒྱུད་སྡེ་མཐའ་དག་ལ་ཉན་བཤད་སྒོམ་སྒྲུབ་བྱས་ཚུལ། བྱང་ཆུབ་སེམས་དཔའི་སྤྱོད་པས་མ་གྱུར་འགྲོ་བའི་དོན་རབ་འབྱམས་བསྒྲུབས་ཚུལ་ལོ། །དང་པོ་བཅུ་གཅིག་པ་ལ་འཇམ་དབྱངས་བསོད་ནམས་དཔལ་འབྱོར་ཞེས་བཙུན་པ་དང་གྲུབ་པ་མཆོག་གི་དབང་པོ། ཆོས་བརྒྱད་འདིར་སྣང་གི་ཉེས་པས་ནམ་ཡང་གོས་མ་མྱོང་བའི་དཔའ་བོ་དེ་ཉིད་ཀྱི་དྲུང་དུ་ལམ་ལོག་པ་ལས་ཁྱད་པར་དུ་བྱ་བ་སངས་རྒྱས་ལ་སྐྱབས་སུ་འགྲོ་བའི་ཐོག་མར་དགེ་བསྙེན་གྱི་བརྟུལ་ཞུགས་ནོས། དེ་ནས་བཤད་པའི་རྩ་བཞི་ལ་སོགས་པའི་བསྲུང་སྡོམ་ཕྲ་ཞིང་ཕྲ་བ་ཀུན་ལ་སྤངས་བླངས་ངོ་ལྐོག་མེད་པར་བྱས། དམ་པ་དེའི་གསུང་ནས་ལུང་བསྟན་ལྟ་བུར་དགོས། ཁྱེད་བསོད་ནམས་ཆེན་པོ་ཡོད་ཆོས་ཚུལ་ཟིན་ལ་སྒྲུབ་པ་འཕེལ་བ་གྱིས། བསྟན་པ་ལ་ཕྱོགས་འཛིན་མ་མཛད་གང་མོས་ལ་ཉམས་ལེན་མཛོད། སྔགས་པ་ཡིན་པས་སྒྲུབ་པ་མཐར་ཕྱིན་པའི་སྔགས་འདྲེན་དགོས་གསུངས་ནས། མིང་བསོད་ནམས་ཆོས་འཕེལ་གྱིས་གསུངས། མདོར་ན་མཁར་མཐོན་པོའི་བ་གམ་འདོགས་པའི་ཐོག་མར་གནས་དེའི་འགྲམ་གཞི་འབྲུ་བ་བཞིན་དུ་རྩ་བའི་གཞི་འདི་ལེགས་པར་བཅས་པའོ། །དེས་མཛད་པའི་ཚེ་དཔག་མེད་གྲུབ་རྒྱལ་ལུགས་ཀྱི་དབང་ཆོག །སྨན་བླའི་མདོ་ཆོག །བསྔོ་བ་སོགས་བླ་ཆུང་ལ་དགོས་པའི་སློབ་གཉེར་ཕྲན་བུ་བྱས། བཅུ་གཉིས་པ་ཕྱག་ཁྱེར་ཐལ་རྩེད་ཁོ་ནས་