[A:༡༦༤]མོའི་རྣམ་པར་སྤྲུལ་པ་དེ་ཉིད་ཁབ་ཏུ་བཞེས་པ་གནང་བའི་སྲས་སུ་བདག་སྤུན་གསུམ་བྱུང་བའི་ཆེ་བ་བདག་ཉིད་ཡིན་པས། སྐྱོན་མེད་རྡོ་རྗེ་ཐེག་པའི་དལ་འབྱོར་གྱི་ལུས་འདི་ཉིད་ཐོབ་པར་གྱུར་ཏོ། །རྡོ་རྗེའི་ལུས་བཟང་སྐྱོན་མེད་གྲུ་གཟིངས་འདི། །དེད་དཔོན་མཁས་པ་བརྩོན་འགྲུས་ལྕག་གིས་བསྐུལ། །རབ་མེད་གྱ་གྱུ་འཁོར་བའི་མཚོ་ལས་སྒྲོལ། །ཟག་མེད་བདེ་ཆེན་ནོར་བུའི་གླིང་དུ་ཕྱིན། །མཐའ་ཡས་ཚོགས་གཉིས་དཔལ་ལས་འཁྲུངས་པའི་སྐུ། །བགྲང་ཡས་འགྲོ་ཀུན་ཕན་བདེ་བསྐྲུན་སླད་དུ། །བསམ་ཡས་གདུལ་བྱའི་བུང་བ་སྐྱོང་བའི་ཕྱིར། །དཔག་ཡས་ཉམས་དགའི་སྐྱེད་ཚལ་ང་རེ་སྐྱིད། །དེ་ཡང་མ་མ་དེ་ཉིད་ཀྱི་དྲི་མ་མེད་པའི་མངལ་དུ་བདག་བལྟམས་པ་ནས་བཟུང༌། ཡུམ་ལ་སྐུ་ལུས་བཞིན་མདོག་སྔར་བས་དང་བ་དང་སྐུ་སྔར་བས་ཡང་ཞིང༌། བདེ་བའི་ཚད་ཐུབ་པ་ཞིག་དང༌། ཐུགས་དམ་འཇམ་སྡུད་བཟང་གསུམ། བླ་མ་མཆོད་ཆོག །གཏོར་མ་བརྒྱ་རྩ། རྫོགས་ཆེན་གྱི་སྨོན་ལམ་སྟོབས་ཆེན། སྨོན་ལམ་བཞི་སྐོར། ལེ་བདུན་གསོལ་འདེབས་ལ་སོགས་པའི་ཐུགས་དམ་འཆག་མེད་མཛད་པ་ཤིན་ཏུ་སྤྲོ་ཞིང་བོགས་ཀྱང་ཆེ་བ་གེགས་ཀྱི་རྣམ་པ་སྐད་ཅིག་ཙམ་ཡང་མེད་པར་ཟླ་དགུ་ངོ་བཅུ་ཧྲིལ་རྫོགས་པ་དང༌། ཡབ་ཀུན་དགའ་རིན་ཆེན་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་ཉེར་ལྔ་པའི་དུས་མེ་མོ་ཕག་ལོ་བཙས་པ་ཡིན་ཞིང༌། མ་མ་ཉིད་ལ་བཙས་མ་ཐག་པའི་དུས་ལྟས་ཁྱད་པར་ཅན་མང་པོ་བྱུང་ཚུལ་བདག་རང་ལོ་བཅུ་ཙམ་འགྲོ་དུས་བཀའ་ལུང་གནང་གིན་འདུག་སྟེ། ཚང་མ་དྲན་པར་ཡང་མི་འདུག །དྲན་ཚད་བྲིས་ཀྱང་སྒྲོ་བཀུར་ཆེ་བས་བཞག །གང་ལྟར་བཙས་མ་ཐག་ཧྲི་ཨཱཿདང༌། ཨོཾ་ཨོཾ་ཟེར་བ་