[A:༢༩༤] གཞན་ཡང་སྙིང་པོ་ཉེ་སྙིང་རྩ་སྔགས་དང་འཁོར་གྱི་ལྷ་སོགས་ཀྱི་གསང་སྔགས་ས་ཡ་དང༌། འབུམ་ཚོ་དང༌། ཁྲི་ཚོ་སྟོང་ཚོ་ལ་མཐའ་མ་བྱས་པ་མང་པོ་ཡོད་མོད། ཐམས་ཅད་འདྲི་བར་མ་ལྡང༌། སྒྲུབ་ཅིང་མཆོད་པ་དང༌། འཇུག་ཅིང་དབང་བླང་བ་དང༌། སྐབས་སུ་ཅི་བབས་ཀྱི་ལས་བཞི་སོ་སོའི་སྦྱིན་སྲེག་རྣམས་སྟོང་ཚོ་དྲུག་ནས་བརྒྱ་ཕྲག་བདུན་ཚུན་ལ་ཉུང་མཐའ་བྱས་པ་སོང་འདུག་ཀྱང༌། སེམས་གཞན་གཡེང་བས་བྱས་པས་འབྲས་བུ་མ་མཆིས་སོ། །འཁྲུལ་པ་སྤངས་པའི་རྒྱུད་ལྡན་གངས་རི་ལས། །ལེགས་བཤད་སྙན་བརྒྱུད་བདུད་རྩི་རྙོག་བྲལ་བས། །ཉམས་མྱོང་བདེ་བ་ཆེན་པོའི་བཅུད་ཀྱིས་མྱོས། །སྐྱོན་མེད་འབྲས་བུ་ཡེ་ཤེས་མངོན་དུ་གྱུར། །བསླུ་མེད་འཁྲུལ་ཟད་ཡབ་སྲས་ས་སྐྱ་པའི། །ཞལ་འོད་བསྐྱེད་རྫོགས་དྲོད་ལྡན་སྒོམ་པ་པོ། །ཟོལ་ཟོག་དྲི་མས་དབེན་པའི་ཀུ་སཱ་ལི། །རྣམ་གསུམ་འདྲེན་པས་སྐྱོང་བའི་སྔགས་སྨྱོན་མཁན། །བླུན་པོ་བསོད་ནམས་ཆོས་འཕེལ་ཨེ་མ་ཧོ། །སངས་རྒྱས་ཀུན་གྱི་རྫུ་འཕྲུལ་གཅིག་བསྡུས་པ། །བོད་ཁམས་མ་རུང་འཕུང་བྱེད་འདུལ་བའི་གཙོ། །པདྨ་ཀ་ར་ཞལ་བཅུད་འཐུང་བ་བོ། །འདྲེ་འཇིགས་རོ་ཉལ་མཁན་པོ་འབྲུ་པ་ང༌། །གཟུགས་ཅན་མི་རྣམས་ཡ་ག་སྒྲོག་པའི་གནས། །ལྟོས་བཅས་ཚོགས་རྣམས་དོན་ལྡན་ཉམས་དགར་མཛོད། །མཁས་ཀུན་དགའ་བའི་གླུ་དབྱངས་འཚེར་བས་གཟུར་གནས་སྙིང་ལ་བདེ་བ་སྟེར། །བརྩོན་འགྲུས་ལྡན་པའི་རྐང་དྲུག་ཚོགས་རྣམས་ཐེག་རིམ་ལམ་ལ་མྱུར་དུ་འགོད། །བཟང་འདོད་གྲགས་སྨོན་མེད་ཀྱང་རྒྱང་ན་གནས་པའི་པད་ཚལ་ལོ། །ལྔ་པ་འགྲོ་བ་ལྷ་མིར་བཅས་པའི་ཕྱག་དང་མཆོད་པའི་སྨོན་ལམ་གྱི་