R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༢༩༥
[A:༢༩༥]རྟེན་དུ་གྱུར་པའི་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་ཚུལ་ལ་རྣམ་གྲངས་དུ་མར་འདུག་སྟེ་ཉུང་ངུའི་ཚུལ་གྱིས་བརྗོད་ན། བོ་དོང་བྱང་ཆུབ་ཆེན་པོའི་མཆོད་རྟེན་རྨང་འདིང་བ་ནས་རབ་གནས་མ་གྲུབ་བར་གྱི་བཀོད་པ་བྱས་ནས། སྲོག་ཤིང་རྒྱུད་སྡེ་ནས་ཇི་སྐད་བྱོན་པའི་གཟུངས་ཀྱི་རིམ་པས་མ་ཚང་བ་མེད་པ་ཐེག་རིམ་གྱི་བཞུགས་ཚུལ་དང༌། དྲག་དམར། ཐུགས་སྒྲུབ། བཀའ་བརྒྱད། བདེ་ཀྱེ། འཇིགས་བྱེད། ཚེ་དཔག་མེད། ནོར་རྒྱུན་མ། རྒྱལ་ཆེན་བཞི་རྣམས་ཀྱི་གཟུངས་འབུམ་ཕྲག་རེ་ལྷག་པ་དང༌། གཞན་ཡང་རྒྱུད་སྡེ་བཞི་དང་འབྲེལ་བའི་ལྷ་ཚོགས་རྣམས་ཀྱི་གཟུངས་དུ་མ་དང་བཅས་པ་དང༌། དྲག་དམར་གྱི་གཟུངས་དང་ཡེ་དྷར་འབའ་ཞིག་བཞུགས་པའི་ཚ་ཚའི་ཚོགས་དུ་མ་དང་བཅས་པས་ཡོངས་སུ་གཏམས་པའི་ཆོས་སྐུའི་མཆོད་རྟེན། ལོངས་སྤྲུལ་གྱི་སྐུ་བརྙན་དང་བཅས་པའི་གྲངས་ལས་འདས་པ་ཞིག་བཞུགས་ཤིང་མདོར་ན་དིང་སང་གི་ས་རྡོ་གར་བླུགས་ཀྱི་བཞེངས་བློ་ཚོ་དང་ཅུང་མི་འདྲ་བ་ཞིག་ཡོད། གཟུངས་ཆེན་སྡེ་ལྔའི་པར་སོགས་དུ་མ་ཞིག་བཞེངས་ད་ལྟ་བོ་དོང་དབུ་རྩེ་ན་བཞུགས། གསོལ་འདེབས་ཀྱི་རྟེན་དུ་བླ་ཆེན་རྣམ་གཉིས་ཀྱི་བྲིས་སྐུ་ལ་གསུང་ངག་བརྒྱུད་པ་དང་འཇིགས་བྱེད་བརྒྱུད་པས་བསྐོར་བ་ཆོས་སྐྱོང་སོགས་འདོད་ལྷའི་ཚོགས་དང༌། འཇམ་དབྱངས་བླ་མའི་སྐུ་རྨི་ལམ་དུ་བྱུང་བ་ལ་འདོད་ལྷ་རྣམས་ཀྱིས་བསྐོར་བ། དེ་ཉིད་ཀྱི་མཚར་སྐུ་ལ་དྲིན་ཆེ་བའི་བླ་མ་འདོད་ལྷ་དང་བཅས་པས་བསྐོར་བའི་བྲིས་སྐུ། ཐུགས་རྗེ་ཆེན་པོའི་སྐུ་བརྙན་བརྒྱ་རྩ། སྦྲུལ་ལོ་ལྷ་ས་རྫོང་དུ་ཀྱེ་རྡོར། གུར་ལྕམ་དྲལ། བླ་མའི་སྐུ། དུད་སོལ་ལྷ་མོ། ཞལ་བཞི་ཡོངས་རྫོགས་ཀྱི་སྐུ་བརྙན་དང་བཅས་པ་མུས་ནས་དཔལ་ཆེན་དྲུང་གིས་བཞེང་བ་གནང༌། ཐོག་མར་བདག་ལ་ཅང་མི་གསུང་བར་མཁྱེན་རབ་ཀྱི་སྒོ་ནས་བཞེངས་ཀྱང༌། བྱིངས་རྣམས་ལ་སྐྱ་བྲིས་ཐེངས་