R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༢༩༣
[A:༢༩༣]ཡང་སྙིང་འབྲུ་གཅིག་ཁྲི་ཚོ་རེ། འཕགས་པ་ཐུགས་རྗེ་ཆེན་པོའི་བསྐྱེད་རྫོགས་ཐུན་གཉིས་ཡང་སྙིང་འབྲུ་དྲུག་སྟོང་ཕྲག་རེ། ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོའི་བསྐྱེད་རྫོགས། དཔལ་མགོན་མ་ནིང་གི་བསྐྱེད་རྫོགས། ལྷ་ཆེན་ནག་པོ་ཞལ་བཞིའི་བསྐྱེད་རྫོགས། རྗེ་བཙུན་ཡིད་བཞིན་འཁོར་ལོའི་བསྐྱེད་རྫོགས། ཚེ་དཔག་མེད་ཀུན་གྱི་ཡང་སྙིང་ལྕགས་སྡོང་མའི་ཉམས་ལེན་རྟ་མཆོག་རོལ་པ་གསང་སྒྲུབ་ཀྱི་བསྐྱེད་རྫོགས། ལས་ཀྱི་གཤིན་རྗེ་གཤེད་རང་གི་བྲན་པོ་ཆོས་ཀྱི་རྒྱལ་པོའི་བསྐྱེད་རྫོགས། དེ་རྣམས་ཐུན་རེ་རེ་གསང་སྔགས་རྣམས་ཀྱང་བརྒྱ་ཕྲག་ལ་ཉུང་མཐའ་བྱས་པ་རེ། གཞན་ཡང་ཡི་དམ་ཆོས་སྐྱོང་རྣམས་ཀྱི་དབང་ཐོབ་གསང་སྔགས་བདུན་བདུན་ཟླ་བ་མང་པོ་ཡོད། ཐོབ་ཚད་ཀྱི་གསང་སྔགས་བཟླས་པ་མ་བྱུང་མོད། དེ་ཀུན་གྱི་ཉམས་ཆགས་གསོ་བ་ལ་དམིགས་ཡི་གེ་བརྒྱ་བ་བརྒྱ་ཕྲག་རེ། ཡི་དམ་ཆོས་སྲུང་དེ་རྣམས་ཀྱི་གཏོར་བསྔོ་རྒྱས་པ་ཚར་རེ་སོགས་ཉོག་ལ་མང་བ་མཐའ་ཡས་བདོག་སྟེ་ཐམས་ཅད་མ་སྤྲོས། དྲག་པོ་བླ་མ་དང་ལེགས་ཉེས་ཀུན་ལུང་སྟོན་པའི་འདོད་ཁམས་ལྷ་མོ་རེ་མ་ཏི་དང༌། བྲན་པོ་ལས་ཀྱི་གཤིན་རྗེ་རྣམས་ཀྱི་ཐུགས་དམ་བསྐང་བ་དང་བཤགས་པ་རྣམས་དུས་དང་ཁྱད་པར་བ་བརྒྱ་རྩ་རེ་དང་བཅས་པ་སོང་ཞིང༌། མདོར་ན་ཆོས་ལྡན་གྱི་བྱ་བས་གཡེངས་ན་མ་གཏོགས་སྤྱོད་ལམ་དྲུག་པོའི་གནས་སྐབས་ཅི་བྱེད་དལ་བར་སྐད་ཅིག་ཀྱང་སྡོད་མ་མྱོང༌། དེ་སྔ་ཡན་ལ་འཆག་མེད་ཁྲི་ཚོ་གཉིས་འདྲེན་པ་རྣམས་དུང་བཞི་ལ་ཉེ་བ་དང༌། ཁྲི་ཚོ་རེ་འདྲེན་པ་རྣམས་དུང་གཉིས་ལ་ཉེ་བ་དང༌། སྟོང་ཕྲག་འདྲེན་པ་རྣམས་བྱེ་བ་གཉིས་རེ་ལྷག་ཐོར་སོང་བ་དང༌།