R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༢༩༦
[A:༢༩༦]ཙམ་བྱས། ཞལ་ཁྲ་ཡོངས་རྫོགས་དེ་ཉིད་ལ་སྐྱ་བྲིས་བརྩམས་པ་ན་བར་ཆད་ཀྱི་རྣམ་པ་རླུང་ལ་རྟེན་དེ་ལྷ་བྲིས་པ་རྣམས་ལ་ཞུགས་ནས། ཞི་དྲག་གི་ཐབས་ཅི་བྱས་ཀྱང་ཕན་པ་ཞིག་མ་བྱུང་འདུག །མཐར་རི་མོ་བ་ཚོ་སེམས་དྲན་པས་མི་ཟིན་པར་སྤྱོད་པ་སྣ་ཚོགས་བྱེད་པ་ཞིག་འདུག་པས། བདག་ལ་བྱིན་རླབས་དང་བགེགས་སྐྲོད་དང་ཞལ་གྱི་རྗེས་གནང་ཐུན་མོང་མ་ཡིན་པ་ཞུ་ཟེར། དེ་ལྟར་མི་ནུས་ཐུན་མོང་བ་ཙམ་བྱས་ཆོག་ལར་འདི་ལྟ་བུའི་སྐུ་བརྙན་བཞེངས་པ་ནི་དལ་འབྱོར་གྱི་དཔེར་མཚོན་པར་གདའ། ད་ལམ་དངས་ཕྱིན་སྐྱོན་མི་མངའ་བྱས། རྗེས་གནང་གི་ཡེ་ཤེས་བབས་པ་ན་རི་མོ་བ་ལ་ཡེ་ཤེས་དངོས་སུ་ཕེབས་ནས་ཚ་བ་ཙམ་ལུས་གཡོ་འགུལ་མེད་པར་གནས་པ་བྱུང༌། དེ་ནས་གཟུངས་རྟེན་རྣམས་གེགས་མེད་དུ་ཕྱིན། རབ་གནས་ཀྱང་བདག་ཉིད་ཀྱིས་བྱས་ད་ལྟ་ནི་སྦྱིན་པོ་དེའི་ལག་ན་ཡོད་མོད། དེ་འདྲའི་འཚུབ་ལྟ་བུ་ཡིན་ནམ་དེ་ལོ་ལྷ་ས་རྫོང་ནི་ཐང་མར་བཏང་ནས་བར་ཆད་ཀྱི་གཙོ་བོ་དབོན་ཞེས་པ་དགའ་བའི་གླུ་བླངས་སོ། །དེ་སྐོར་མང་པོ་ཡོད་ཀྱང་མ་སྤྲོས། གཞན་ཡང་འདར་སྟོད་གྲང་མོ་ཆེའི་ཆོས་གྲ་ཞེས། ཆོས་འཁོར་ཡང་རྩེའི་གཙུག་ལག་ཁང་གི་གནས་སུ། གླང་གི་ལོ་ཟླ་བ་བཞི་པའི་ཚེས་གཉིས་ལ་རྒྱལ་ཕུར་དང་བསྟུན་གཙུག་ལག་ཁང་གི་རྨང་བཏིང༌། ཟླ་བ་བརྒྱད་པའི་མཁའ་འགྲོ་འདུ་བའི་དུས་ཉེར་དགུ་ལ་ཕྱག་ཚད་ལྡན་པའི་བཟོ་བོ་བྱིན་གྱིས་བརླབས་ཏེ་འགོ་བཙུགས། དེ་ཡང་རྒྱུ་རིན་པོ་ཆེ་གང་ལས་བཞེངས་སྙམ་ན། འཇིམ་པ་ལ་རྩི་ཚོན་གྱིས་བྱུགས་ནས་མཛེས་མཛེས་ལྟ་བུར་བྱས་པས་ས་རྡོའི་གོང་བུ་ལ་རྒྱན་དུ་ཆེ་བར་བྱས་པ་མ་ཡིན། གང་ཞེ་ན་གསེར་གཡུས་