R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༢༩༧
[A:༢༩༧]གཙོས་པའི་རིན་པོ་ཆེའི་ཚོགས་མཐའ་ཡས་པ། ག་བུར་གྱིས་གཙོས་པའི་སྨན་ཚོགས་ཚང༌། ཙན་དན་ལ་སོགས་པའི་དྲི་བཟང་དཔག་མེད། ཨ་རུ་ར་ལ་སོགས་པའི་ཤིང་འབྲས་དུུ་མ། སྤང་རྒྱན་ལ་སོགས་པའི་མེ་ཏོག་སྣ་ཚོགས་ནས་གྲོ་ལ་སོགས་པའི་འབྲུ་ཚོགས་གྲངས་མེད། བསམ་ཡས་ཀྱིས་གཙོས་པའི་མཐའ་འདུལ་ཡང་འདུལ་གྱི་གནས་ན་བཞུགས་པའི་རྟེན་རྣམས་ཀྱི་རྡུལ། སྐྱི་རོང་གི་འཕགས་པས་གཙོས་པའི་འབྱུང་བ་ཁ་གནོན་ལ་བཞུགས་པའི་ཇོ་བོ་རྣམས་ཀྱི་རྟེན་དང་ཤིང་ཀུན་གྱིས་གཙོས་པའི་བལ་ཡུལ་ན་བཞུགས་པའི་གཙུག་ལག་རྣམས་ཀྱི་རྟེན་དང༌། དཔལ་ལྡན་ས་སྐྱའི་གཙུག་ལག་ཁང་གི་བསེ་འབག་གིས་གཙོས་པའི་རྟེན་གྲངས་དཔག་མེད་རྣམས་དང༌། ཁའུ་བྲག་རྫོང་སོགས་མེ་འབར་གྱི་གཙུག་ལག་ཁང་བཞིའི་གནས་ན་བཞུགས་པའི་སྲུང་མ་རྣམས་ཀྱི། ཨེ་ཝཾ་ཆོས་ལྡན་ལ་སོགས་པའི་བོད་ཡུལ་གྱི་མདོ་སྔགས་སོ་སོའི་ཆོས་གྲྭའི་གཙུག་ལག་ན་བཞུགས་པའི་རྟེན་དང༌། མངའ་རིས་རྫོང་དཀར་ལ་སོགས་པའི་རྒྱལ་པོའི་ཕོ་བྲང་ཐམས་ཅད་ན་བཞུགས་པའི་རྟེན་སོགས་དེ་ཐམས་ཅད་ཀྱི་ཞབས་རྡུལ་གཙུག་ལག་དེ་རྣམས་དང༌། གནས་བརྒྱད་ཀྱི་མཆོད་རྟེན་གྱི་ས་སྣ། བཀྲ་ཤིས་པའི་ལུང་པ་མང་པོའི་ས་སྣ་དང་ཆུ་སྣ། རི་བཀྲ་ལེགས་པ་ཕོ་གསུམ་མོ་གསུམ་གྱི་ས་སྣ་སོགས་དང༌། ཀ་ཤི་ཀའི་རས་སོགས་དང༌། ཁ་དོག་སྣ་ཚོགས་པའི་ལྷ་རྫས་ཀྱི་དར་བཟང་མང་པོ་དང༌། དེ་རྣམས་ཚོགས་གཅིག་ཏུ་བྱས་ཤིང་འཇིམ་པ་ཅུང་ཟད་དང་བཅས་པའི་ཕུང་པོ་ལ་རབ་གནས་མཚན་ཉིད་ཚང་བ་བྱས། དེ་ཡང་བརྒྱུད་པ་ཐུན་མོང་མ་ཡིན་པ་འདི་པའི་བགྲོས་ལ། ཆོས་སྐྱོང་གི་སྐུ་