R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༢༩༨
[A:༢༩༨]བརྙན་བྲིས་འབུར་ཅི་བཞེངས་ཀྱང་ཐོག་མར་གཟུངས་ཀྱི་བྱ་བ་ཡོངས་སུ་རྫོགས་པར་བྱས་ནས། ཐུན་མོང་གི་སྐུ་དང་ཐུན་མོང་མ་ཡིན་པའི་སྐུ་རྣམས་ཡོད་པ་ལས། ཕྱི་མ་འབད་པས་སྒྲུབ་པ་ལ། དེ་ཡང་དྲེགས་པ་ཕོ་རྒྱུད་ཀྱི་ངོ་བོ་གྲི་སྙིང་འཁོར་ལོ། དྲེགས་པ་མོ་རྒྱུད་ཀྱི་ངོ་བོ་ནལ་བུའི་གྲི་སྙིང་འཁོར་ལོ། གཉིས་མེད་ཀྱི་ངོ་བོ་ཡེ་ཤེས་ཀྱི་རྡོ་རྗེ་གཟུགས་དང་བཅས་པ། ཐེག་པ་ཆེ་ཆུང་གི་བླ་མ་བརྒྱུད་པ་དང༌། རྒྱུད་སྡེ་ཕྱི་ནང་གི་བླ་མ་བརྒྱུད་པའི་མཚན་རིམ་འདོད་གསོལ་དང་བཅས་པ་བརྒྱ་ཕྲག་གཉིས་རེ་དང༌། རྒྱུད་སྡེ་བཞི་དང་འབྲེལ་བའི་ཡི་དམ་ཆོས་སྐྱོང་ནོར་ལྷ་བསྟན་སྲུང་དང་བཅས་པའི་མཆོག་ཐུན་སྒྲུབ་པའི་ལྷ་རྣམས་ཀྱི་གསང་སྔགས་བརྒྱ་ཕྲག་གསུམ་རེ་དང་བཅས་པ་རུ་ཤིང་སོ་སོ་ལ་ཐེག་རིམ་གྱི་དཀྲི་ཚུལ་སོ་སོར་བྱས་ཏེ་ལྷ་རྫས་དཔག་མེད་ཀྱི་ན་བཟའ་དང་བཅས་པ་བཞུགས་ཡོད་ལ། དེ་ལྟར་ཆོས་སྐྱོང་གི་སྐུ་བརྙན་དེ་ཡང་བཞེངས་པའི་དུས། ཕྱི་ནང་གསང་བའི་རྟེན་འབྲེལ་མ་ལུས་པར་ཚང་དགོས་པ་ཡིན་ཏེ། དེ་ལོ་གླང་ལོ་ཟླ་བ་དཔྱིད་ཟླ་ར་བ། ཚེས་ཉེར་དགུ། གཟའ་མིག་དམར་སྐར་མ་མགོ །སྐྱེས་པ་སྟག་ལོ་པ་གྲིར་ཤི་བའི་སྙིང་ཁྲག་སར་མ་ལྷུང་བ། དེ་ཉིད་ཀྱི་གྲི་རྐང༌། མགོན་པོ་འདི་ཉིད་ལ་བསྙེན་སྒྲུབ་ལས་གསུམ་གྱི་སྒོ་ནས་མཚན་མ་ཐོབ་ངེས་ཀྱི་བླ་མ་དམ་པའི་སྲིན་ལག་གི་ཁྲག་དང༌། ཤངས་མཚལ། སྐྱེས་ཕོ་མོ་ལོ་བཅུ་གཉིས་འགྲོ་བའི་རང་བྱུང་གི་ཁམས་དཀར་དམར་དང་བཅས་པ་འདི་རྣམས་འཛོམ་ན་ངེད་རང་དཔལ་ལྡན་ས་སྐྱ་པའི་སྙན་བརྒྱུད་འཛིན་པ་རྣམས་ཀྱི་བཞེད་པས་ཡེ་ཤེས་པ་དངོས་སུ་ཞུགས་པ་ཡིན་པས། ཟླ་བ་ཙམ་མ་འགྲིག་མོད། གཞན་