[A:༢༩༩]ཡང་ཚང་མ་རང་འགྲིག་ཏུ་བྱུང་ནས། ཕྱག་ཚད་ལྡན་པའི་བཟོ་བོས་རྡོ་རྗེ་དང་པདྨའི་ལག་པས་དུས་དེ་ཉིད་ལ་འགོ་བཙུགས། དེ་ལ་ཡང་ཕྱི་ནང་གི་ཉེ་རིང་ཀུན་བར་ཆད་ཡོང་ཟེར་མདའ་སྐུར་མང་དག་འདུག་ཀྱང༌། ཁྱེད་དེ་ལྟར་བསམ་པའི་དོན་རྣམས་ལ་ཁ་ཐལ་བས་བཅད་དོ་བྱས། དོན་ལ་སྔོན་དུ་བླ་མ་ཆོས་སྐྱོང་དང་བཅས་པས་མཚན་མ་བཟང་པོ་བྱུང་བ་དང་ཉེ་བར་གནས་པས་གྲོགས་བགྱིས་ཏེ་རྐང་བླངས། བློས་འཆར་ཚུལ་མི་དབང་རྣམས་ལའང་ཞེ་ནས་ཕུལ། དགོངས་པར་ཇི་ལྟར་བཞུགས་པའི་ཞལ་བཀོད་ད་ལྟ་གནང་བ་སྐབས་སུ་བབས། ཕྱིས་སུ་དེ་དང་དེ་འདྲ་བྱུང་ན་བཟོད་པར་གསོལ་བྱས། གང་ལྟར་བར་ཆད་མི་འབྱུང་བའི་འཕྲིན་བཅོལ་གྱི་མཆོད་གཏོར་བཟང་པོ་ཕུལ། ནམ་ཟླ་ཅུང་ཟད་དགུན་ལ་སྦྱར་བ་ནས་རྡུལ་གྱི་ཉེས་པ་ལས་སྐྱོབ་པའི་འཕྲིན་ལས་རླུང་ལྷ་ཤ་གཟུགས་འོད་ཀྱི་རྣམ་པས་མ་གྲུབ་པར་ལ་མཛད་པ་དང༌། གཞན་ཡང་གནས་སྲུང་དཀར་ཕྱོགས་སྐྱོང་བ་རྣམས་དང༌། རྒྱལ་ཆེན་བཞི་སོགས་ཀྱིས་རྩེ་གཅིག་ཏུ་སྒྲུབ་པའི་གྲོགས་ཀྱི་འཕྲིན་ལས་ཡང་དག་བྱས། དེ་རྣམས་ལ་མཆོད་གཏོར་བཟང་པོ་ཡང་ཡང་དུ་ཕུལ་དུས་དང་རྒྱུན་གྱི་ས་ལམ་བར་ཆད་སྲུང་བའི་གསོལ་བ་དྲག་ཏུ་བཏབ་སྟེ། དམ་ཚིག་གི་སྐུ་བརྙན་མཁའ་འགྲོ་ལྷ་བརྒྱད། གཉའ་མནན་པའི་ཕྱིར་འབྱུང་པོ་འདུལ་བྱེད། རིགས་བདག་ཅོད་པན་འབྲལ་བ་མེད་པའི་ཕྱིར་ཕྲག་དཔུང་གཡས་གཡོན་དུ་རྗེ་བཙུན་རྡོ་རྗེ་འཆང་རྣམ་པ་གཉིས་ཀྱི་སྐུ་བརྙན། ཕྱི་ནང་གི་ལས་མགོན་གསུམ་དང་བཅས་པ། བྲམ་ཟེའི་གཟུགས་འཛིན་ཞིང་སྐྱོང་ཆེན་པོ་ཡུམ་བཞིར་བཅས་པའི་སྐུ་བརྙན། དེ་