R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༣༠༦
[A:༣༠༦]བདག་གི་རྩར་སླེབ་སྙིང་ནས་མི་བཟོད་པའི་བརྩེ་བས་མཆི་མ་འཁྲུག །ཕྱི་ནང་ཀུན་གྱི་འདི་འདྲ་ལ་བདག་རྐྱེན་བྱེད་པ་ཟེར། ངེད་ཀྱིས་འདི་ཙུག་ཡིན་དེ་འདྲ་མ་ཟེར་སྙིང་རྗེའི་ཡུལ་འདི་ལྟར། ཕ་མས་ནི་བོར། སྨྲ་ནི་མི་ཤེས། མགོན་སྐྱབས་བྱེད་མི་ནི་མེད། འདི་ལྟ་བུ་ལ་སྙིང་རྗེ་མ་ནུས་ན་ཐེག་ཆེན་གྱི་སེམས་བསྐྱེད་ཡང་ཉམས་འགྲོ། ལྷག་པར་བདག་གིས་མ་སྐྱབས་ན་གཞན་མགོན་སྐྱབས་བྱེད་མི་སུ་ཡང་མེད་བྱས། དོན་ལ་ཡང་དེ་ག་ཡིན། སྐམ་སར་གནས་པའི་བྱ་རི་དྭགས་དུད་འགྲོའི་འགྲོ་བ་འབུ་སྲིན་ཆུར་གནས་པའི་ཉ་ལྕོང་སྦལ་བ་སོགས་སེམས་ཅན་གྱི་ལུས་རྟེན་གྲངས་མེད་པའི་སྲོག་སྐྱབས་སོགས་དངོས་སུ་སེམས་ཅན་གྱི་དོན་ལ་རང་སྲོག་ལས་གཅེས་པར་འཛིན་པའི་བླུན་པོ་སྙིང་ཁམས་ཅན་ཞིག་ལགས་སོ། །བདུན་པ་སྐམ་ཆགས་ཀྱི་རྟག་འཛིན་མཐའ་དག་བཟློག་པ་དང༌། ཚེ་སྒྲུབ་ཀྱི་མཆོག་གྱུར་སྦྱིན་པའི་ཕར་ཕྱིན་བསྐྱང་ཚུལ་ལ། སངས་རྒྱས་ལ་སྐྱབས་སུ་སོང་བའི་ཐུགས་རྗེས་རང་ཉིད་ལྟོ་གོས་མ་འཕོངས་ཙམ་འདི་ག་ཡིན་མོད། དེ་ཡང་རང་ཉིད་ཕོ་སྐྱེས་གྱི་འབྲས་བུ་ནི་མ་ལགས། སྐྱབས་བསླུ་མེད་དཀོན་མཆོག་གསུམ་གྱི་ངོ་བོ་མཁྱེན་བརྩེའི་དབང་ཕྱུག་གི་སྐུ་དྲིན་ཁོ་ན་ལས་གནས་གང་དུ་སྡོད་ཀྱང་འབྱོར་པའི་ཕུན་ཚོགས་གཞན་སྨོན་མེད་ཙམ་གདའ་སྟེ། བསམ་བཞིན་དུ་ཤེས་པ་སྐྱོ། འགའ་ཞིག་ནི་དད་པའི་ཁུངས་ཀྱིས་མི་ཕོད་བཞིན་དུ་སྦྱིན་པ་དང༌། འགའ་ཞིག་ནི་ཆོས་བཤད་ནས་ནོར་འདོད་པ་མེད་ཀྱང་ཁ་ཁྱད་ཀྱིས་ཕྲན་བུ་སྦྱིན་པ་དང༌། འགའ་ཞིག་ནི་མཆི་མ་ཅན་གྱི་མེ་བཞིན་དུ་བཙལ་ནས་སྦྱིན་པའི་ནོར་དངོས་མན་པ་མེད། འདི་ལྟ་བུའི་ཟས་གོས་བཏུང་བས་འཚོ་དགོས་པའི་