[A:༣༠༥]ཞུགས་པ་མང་པོ་ལ་གེགས་སེལ་བོགས་འདོན་གྱི་དམིགས་ཐུན་རེའམ། རྡོ་རྗེ་འཆང་ནས་རྩ་བའི་བླ་མ་དམ་པའི་བར་གྱི་མཚན་ནས་བརྗོད་དེ་བགེགས་ལ་བཀའ་བསྒོས་པས་དེ་འཕྲལ་བགེགས་ལས་གྲོལ་ཞིང་གོལ་ས་ལས་བཟློག་སྟེ་མཐར་ཕྱིན། གཞན་ཡང་བཞི་བརྒྱ་རྩ་བཞིའི་ནད་དང༌། གདོན་ཉིས་སྟོང་དང་བཅས་པའི་སྣེར་བ་ལ་གཉེན་པོ་གང་ལ་གང་འཕྲོད་ཀྱི་དབང་རྗེས་གནང་གཏོར་མ་སྔགས་ཆུ་གསང་ཆུ་བྱིན་རླབས་བསྲུང་བ་སོགས་བྱས་པས་དངོས་དེ་ཀུན་གྱི་བདུད་ལས་གྲོལ་བའི་འཚོ་མཛད་སྨན་པ་རྐྱང་པར་བཞུགས་པ་མང་པོ་བྱུང་མོད། མདོར་ན་སྐྱེས་ཐོག་འདི་ཉིད་མཐོང་ཐོས་རེག་པ་ཀུན་གྱིས་མཐོང་བས་གྲོལ་བ་འདི་མ་གཏོགས་ཡི་གེར་བཞག་པས་དགོས་པ་མེད། ད་ཕྱིན་སྙིགས་མའི་དུས་སུ་འཁྲུངས་པའི་གདོན་འདི་རྣམས་ཀྱི་འགྲོ་བའི་ལུས་ལ་ཇི་ལྟར་བྱས་པ་ཡོང་ངམ་སྙམ་པའི་ཞེ་མཚེར་ཙམ་གདའ། གཞན་ཡང་འགྲོ་དྲུག་གང་གིས་ལུས་རྟེན་འཇིག་པའི་འཕྲལ་རྐྱེན་དེ་དང་དེ་ལ་གཉེན་པོ་འཕྲོད་པ་བྱུང་ན་དེ་དང་དེ་མིན་ན་ཕྱི་མར་ཕན་པའི་གཞན་རྐྱེན་སྟོབས་ཆེན་བྱས་པ་ནི་བགྲང་བའི་ར་བ་ལས་འདས། གནས་གང་དུ་སྡོད་ཀྱང་དུས་ཀུན་ཉེ་འཁོར་དུ་གནས་པའི་སེར་གཟུགས་རྣམས་ཀྱི་སྤྱོད་པ་ཞི་དྲག་ཅི་བྱེད་ཀྱང་རང་རང་སྤྱོད་ཚུལ་དང་མཐུན་པའི་ལེགས་ཉེས་ཐམས་ཅད་རང་གནས་སུ་ཚང་བར་བྱས་ཏེ་བདེ་བའི་ངང་དུ་ལྷོད་དེ་བཞག །གཞན་ཡང་ཚེ་འདིའི་སྤུན་དུ་གྱུར་པའི་མིང་པོ་དེ་ཉིད་ལོ་ཉེར་ལྔ་པ་ལ་ཕ་རོལ་ཏུ་ཕྱིན། བདག་དང་ལས་ཀྱི་འབྲེལ་པ་ཕྲན་དུ་མ་རྫོགས་བར་སླར་མིའི་ལུས་རྟེན་ཞིག་བླངས། སྨྲ་ཤེས་ཙམ་ན་མ་དེའི་ཡ་ཁུད་དུ་གྱུར་ནས་བཞི་མདོར་བསྐྱལ། དེ་