R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༣༠༧
[A:༣༠༧]ཐ་ཆད་དང་འདྲ་སྙམ་སྙིང་གནས་ནས་འཐོན་འགྲོ་བ་སྙམ་ཡོང་གི་འདུག །ཕྱི་མ་ནི་བསམས་པས་ཀྱང་སྙིང་རྩ་འགུལ། ཕྲན་བུ་བཟས་པ་བཏུང་བ་ཚོ་ཡང་རྟགས་མཚན་ལོ་ཟླར་མ་འགྱངས་པ་ཡོང་གིན་འདུག །འདི་འདྲའི་རྒྱུ་དངོས་ནི་སུས་སྤྱད་ཀྱང་དམྱལ་བའི་རྒྱུ་སྒྲུབ་པ་ཁོ་ན་བླ་མ་ལྔ་བཅུ་པ་ལས་གསུངས་འདུག་པས་དེ་ཕྱིན་དག་པའི་ཞིང་ཁམས་རབ་འབྱམས་ན་བཞུགས་པའི་རྒྱལ་བ་ཐམས་ཅད་དུས་གཅིག་ཏུ་མཆོད་པ་དང་བསྟན་འཛིན་གྱི་སྐྱེས་བུ་ཐམས་ཅད་ཡུན་དུ་གནས་པ་དང༌། རབ་དཀར་ལས་ཀྱི་འཕྲེང་བ་དྲི་མ་མེད་པའི་སྨོན་ལམ་གྱི་སྲད་བུས་བརྒྱུས་པའི་དཔལ་ལྡན་བླ་མ་དམ་པ་མཁྱེན་བརྩེའི་དབང་ཕྱུག་གི་ཐུགས་དགོངས་སྒྲུབ་པའི་ཕྱིར་དང༌། ལྟོས་བཅས་ཀྱི་སྐྱེ་འགྲོ་ཀུན་གྱི་བསམ་པའི་རེ་བ་མཐར་ཕྱིན་པར་བྱ་བའི་དོན་དང༌། རེ་ལྟོས་དང་བྲལ་བའི་དམིགས་ཡུལ་མངོན་མེད་ཐམས་ཅད་མྱུར་དུ་ཕྱིར་མི་ལྡོག་པའི་ས་ལམ་ཐོབ་པར་སྨོན་པ་དང༌། རང་ཉིད་སྐྱེ་བ་ནས་ཚེ་རབས་ཀུན་ཏུ་བདེ་བར་མ་གྱུར་ཀྱང་བླའི། དེ་ཐམས་ཅད་ཀྱི་དོན་དུ་ལོ་བཅུ་གསུམ་ནས་ད་ལྟ་ཡན་གྱི་རང་ཉིད་གང་བརྩེ་བའི་རྒྱུ་དངོས་ཀུན་བླ་མ་ལ་འབུལ་བ་དང༌། ཟས་ལྷག་རྣམས་གཞི་གང་བཟུང་གི་ཆོས་སྡེ་མི་སྡེ་རྣམས་སུ་མང་ཇ་འགྱེད་སོགས་དང༌། བསྟན་པ་རིན་པོ་ཆེ་ནམ་གནས་ཀྱི་བར་དུ་ཆོས་ལུང་དུ་ཆོ་འཕྲུལ་ཆེན་པོའི་དུས་ལ་ཐུགས་ཚུགས་ནས་འགྱེད་དང་བཅས་པ། དགོན་གསར་དང༌། དཔལ་གྲང་མོ་ཆེར་རྗེ་བཙུན་བླ་མའི་ཉེར་གཅིག་མཆོད་ལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་པའི་མཆོད་པ་དང༌། ཤིང་མངས་དང༌། རྩེ་དཀར་དང༌། ཤར་རི་སྦུག་རྣམས་སུ་ཡར་ངོ་ཚེས་བཅུའི་མཆོད་པར་ཐུགས་རྗེ་ཆེན་པོ་