R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༡༦༧
[A:༡༦༧]གཡེངས། བཅུ་གསུམ་པ་ལ་གང་ལའང་འཇིགས་པ་མེད་པའི་ཧམ་ཅན་ཞིག་ཡིན་པས། རིན་སྤུངས་ནས་ཀརྨ་པ་མི་བསྐྱོད་རྡོ་རྗེ་སྤྱན་དྲངས་མྱུག་ཏུ་ཕེབས། རྒྱལ་ཁང་ལ་ཕྲེང་སྡེམ་གཅིག་རིམ་གཉིས་རིམ་ཡོད་པའང་མ་འཛེམས་པར་ཐལ་མར་ཕྱིན་སེང་སྦུབས་ཀྱི་ལོགས་ཤིག་ཏུ་བསྡད་པས་འབྲེལ་ཚད་དོན་ལྡན་དེ་དང་སྦྱིན་བདག་དེས་གཙོས་པའི་དཔོན་ཆེ་ཆུང་སོགས་ཀྱི་འབྲས་བུ་དོན་ལྡན་དུ་འགྱུར་ལ་རེ་བརྒྱ་འབུལ་སོགས་བསྙེན་བཀུར་མང་པོ་གདའ། ཁོང་ཚོའི་ལྟོ་ཟ་བའི་ཆ་རྐྱེན་དུ་འཕྲལ་གྱི་སྙན་བརྗོད་ཙམ་ལ་མཁའ་འགྲོའི་དབུ་སྐྲའམ་སེང་སྦུ་ལས་གྲུབ་པ་ཡིན་ཟེར་བའི་ཞྭ་དེ་བརྒྱ་འབུལ་རེ་ལ་ཡུད་ཙམ་བཞེས་པ་ཐང་བཅུ་གསུམ་མཐོང༌། དེ་མཐོང་གྲོལ་ཡིན་ཟེར་བ་དང་མི་བསྐྱོད་རྡོ་རྗེ་དེ་ཉིད་སྐྱེས་ཆེན་ཚད་མར་གྲུབ་པ་ཡིན་པས་མ་དད་ཅིང་མ་གུས་པ་ཅི་ཡང་མ་བྱས། གང་ལྟར་ཞྭ་དེ་མཐོང་གྲོལ་ཡིན་ན་བདག་ཀྱང་ལན་བཅུ་གསུམ་གྲོལ་རིགས་པར་གདའ་སྟེ། རང་ཉིད་དུག་གསུམ་གྱི་བག་ཆགས་ཆེས་པས་ལན་ནམ་སྙམ། དེ་ནས་འཕགས་པ་རིན་པོ་ཆེ་ནས་བཟུང་ཡོངས་འཛིན་དུ་མས་བདག་གིར་མཛད་ཅིང་ཞབས་ཀྱིས་བཅགས་པ་དང༌། བསྟན་པ་སྔ་དར་གྱི་གཙུག་ལག་ལྕོག་རོ་ཀླུ་སྦུབས་ཀྱི་ལྷ་ཁང༌། མྱུག་ཆོས་སྡེའི་བླ་མར་བཀོད་པའི་བཀའ་ལུང་ཕེབས། ན་སོ་དང་ཤེས་ཡོང་ཅི་ཡང་མེད་པས་ལུགས་གཉིས་ཀྱི་སྒོ་ནས་ཆོས་སྡེ་མི་ཟིན་ཚུལ་ནན་གྱིས་ཞུས་ཀྱང་མ་གྲོལ། ཡབ་ཡུམ་གྱི་བཀའ་ཡང་ཕེབས་པ་དང་བསྟུན། འཇམ་དབྱངས་བསོད་ནམས་དཔལ་འབྱོར་གྱི་སྐུ་དྲིན་ལས། དགེ་བསྙེན་གྱི་བརྟུལ་ཞུགས་འཆང་བའི་རྡོ་རྗེ་འཛིན་པར་ཁས་བླངས། ཡོངས་འཛིན་དམ་པ་རྣམས་ཀྱི་ཞབས་སྟེགས་སེང་གེའི་ཁྲི་ལ་འཁོད།