R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༡༦༨
[A:༡༦༨] ལུགས་གཉིས་ཀྱི་ཕྲ་རགས་ཅི་གྲུབ་བྱས་བྱིས་པ་ཧམ་ཅན་ཞིག་བདོག་པས་གང་ཡོང་བ་ཤོག་སྙམ་པའི་ཐག་ཆོད་འདི་ག་གདོང་འདེད་བྱེད་པ་མ་གཏོགས་ཆོས་བརྒྱད་དང་འབྲེལ་བའི་ལེགས་ལེགས་དེ་ཙམ་ནས་མི་ཤེས་པ་ལགས་སོ། །སྔ་དར་བསྟན་པའི་མེ་རོ་གནས་པའི་ས། །སྐྱེས་ཆེན་དུ་མས་བྱིན་རླབས་སེང་ཁྲི་ལ། །བྱིས་པ་འཇིགས་མེད་ལོ་ནི་བཅུ་གསུམ་པ། །ལུགས་གཉིས་ཁྲིམས་ཀྱི་རྒྱལ་པོས་བཀའ་སྩལ་བསྐོས། །དགེ་མཚན་དུ་མ་འབྱུང་བའི་རྟེན་འབྲེལ་བསྒྲིགས། །སྐུ་དྲིན་དྲན་ཀྱང་ཁྱེར་བའི་ཐབས་མ་མཆིས། །འབྲེལ་ཚད་མཐོང་བས་གྲོལ་བའི་ཀརྨ་པ། །འཁྲུལ་ཟད་སླུ་མེད་སྐྱབས་མགོན་ཁྱོད་གཅིག་པོ། །ལས་བདེ་སྡུག་འཁོར་ལོ་རྒྱུན་བསྐོར་འདི། །ཁྱེད་ཡེ་ཤེས་རལ་གྲིས་མྱུར་དུ་ཆོད། །རྟ་གོས་སྦྱིན་བདག་གིས་བཏེག་པའི་བླ་གཟུགས་ཀྱི་ཟོལ་ཟོག །འཁོར་མང་འདུས་པ་ཡི་དབུས་ན་ཆེས་མཐོ་ཡི་མུ་ཅོར། །ལན་བརྒྱར་ཡང་ཡང་དུ་སྒྲོག་པ་མགལ་བསྡུམ་གྱི་གད་བརྒྱངས། །ལད་མོ་འདི་ལ་ཕྱོགས་བཅུར་བཞུགས་པའི་རྒྱལ་བ་སྲས་བཅས་ཁྲེལ་མིན་ནམ། །འཇམ་དབྱངས་དཔའ་བོ་བསོད་ནམས་དཔལ་འབྱོར་ཞབས། །ཁྱོད་ཀྱི་དྲིན་ལས་ལོག་པའི་ལམ་ལས་ཐར། །ལམ་གྱི་རྩ་བ་དགེ་བསྙེན་སྡོམ་པས་ཕྱུག །བདག་གི་དེ་རིང་རིན་ཆེན་ནོར་བུ་རྙེད། །དེ་ནས་བཅུ་བཞི་པ་ནས་བཟུང་བཅུ་བདུན་གྱི་བར་གདན་སའི་ཁུར་བྱས་བསྡད། དྲིན་གྱིས་ལན་བརྒྱར་བསྐྱངས་པའི་ཕ་མ་ཡབ་ཡུམ་གྱི་ཞབས་ཏོག་ལྷོད་མེད་བྱེད་རྩིས་བྱས། འོན་ཀྱང་སྲེ་བ་སེ་བ་ཅུང་ཟད་ཀྱང་བྱུང་ངོ༌། །བཅོ་བརྒྱད་པ་ལ་བདག་ཚོ་རང་གི་སྦྱིན་བདག་ཡིན་པའི་སྒོ་མདུན་འོག་པ་ཞེས་པའི་ཞལ་ངོ་ཞིག་རབ་ཏུ་བྱུང༌། དེ་ཉིད་བཟོད་པའི་གོས་དང་ཚུལ་