[A:༣༡༣]དེ་ཡིན། དེར་མ་བཞུགས་པའི་མཇུག་རྣམས་ཐུང་ཙམ་བརྗོད་ན། དམ་པ་གང་གི་སྐུའི་འཕྲིན་ལས་གསང་བ་བསམ་གྱིས་མི་ཁྱབ་སྟེ། ནམ་མཁའི་གཟའ་སྐར་གྱི་ཚོགས་གྲངས་ལས་ཆེས་མང་བར་འགྲོ་བའི་དོན་ལ་བཀོད་པ་དུ་མ་སྣང་མོད། གཅིག་གིས་མཛད་པའང་བརྗོད་པར་མི་ནུས། གསུང་གི་འཕྲིན་ལས་གསང་བ་བསམ་གྱིས་མི་ཁྱབ་སྟེ། རབ་དགའི་སར་གནས་རྣམས་ཀྱི་སྨོན་ལམ་གྱི་མདོ་ལས། ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང༌། །འགྲོ་བ་ཀུན་གྱི་སྐད་རྣམས་ཇི་ཙམ་པར། །ཐམས་ཅད་སྐད་དུ་ཞེས་པ་ལྟར་འགྲོ་བ་དུ་མའི་སྐད་དུ་ཚངས་པའི་དབྱངས་ཀྱི་ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་ཚིག་གིས་འདོམས་པར་གནང་མོད། གསུང་ཟེར་ཕྲ་མོའི་དོན་ཡང་བརྗོད་པར་དཀའ། ཐུགས་ཀྱི་འཕྲིན་ལས་གསང་བ་བསམ་གྱིས་མི་ཁྱབ་སྟེ། དབང་ཆེན་རིན་པོ་ཆེའི་ས་གཞི་ལྟ་བུའི་སྐྱེ་གནས་བཞིའམ། རིགས་དྲུག་གི་འགྲོ་བ་མཐའ་དག་གི་རྟེན་དང་དཔུང་གཉེན་དུ་གྱུར་པ་ཡིན་མོད། འདོམ་གང་ཙམ་གྱི་ཡོན་ཏན་ཀྱང་བརྗོད་པར་དཀའ། ཡོན་ཏན་གྱི་འཕྲིན་ལས་གསང་བ་བསམ་གྱིས་མི་ཁྱབ་སྟེ། ནམ་མཁའི་མཐའའམ་རྒྱ་མཚོའི་གཏིང་ལ་གཞལ་བ་དང་དཔག་པར་སུས་ཀྱང་ནུས་པར་དཀའ་མོད། བུག་པ་ཆུང་ངུའི་ཚད་ལ་གཞལ་བའམ་ཆུ་ཐིགས་ཙམ་གྱི་ཆ་ཤས་ཀྱང་བརྗོད་པར་མི་ནུས། འཕྲིན་ལས་ཀྱི་འཕྲིན་ལས་གསང་བ་བསམ་གྱིས་མི་ཁྱབ་སྟེ། ས་ཆེན་པོའི་རྡུལ་གྱི་གྲངས་དང་མཉམ་པའི་འགྲོ་བའི་དོན་རབ་འབྱམས་ལ་དུས་ཀུན་སླུ་བ་མེད་པར་གང་ལ་གང་འདུལ་གྱིས་འཁོར་བ་མ་སྟོངས་བར་དུ་མཛད་མོད། རྡུལ་ཕྲན་གཅིག་ཙམ་གྱི་དོན་ལ་བརྗོད་པར་མ་ནུས་སོ།