[A:༣༡༢]མེད། འདི་ནས་གཞན་དུ་འགྲེ་ཉན་པ་ཡང་མེད་པས་དག་མ་དག་གི་ཆ་མཆིས་བན་རྒན་ང་རང་གི་སྤྱན་སྔར་བཤགས་སོ། །དེ་ལྟར་བྲིས་པ་ལ་ནོངས་པའི་ཚོགས་མཆིས་ན་ཆོས་སྲུང་རྒྱ་མཚོའི་སྤྱན་སྔར་བཤགས་ཤིང༌། དགེ་བའི་འབྲས་བུ་སེམས་ཅན་ཐམས་ཅད་མྱུར་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག་ཅེས་དུས་གསུམ་གྱི་རྒྱལ་བ་ཀུན་གྱི་ངོ་བོ་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གི་ཞབས་རྡུལ་སྤྱི་བོས་ལེན་པའི་བཀའ་འབངས་ཀྱི་ཐ་ཆུང་རྒྱལ་ཁམས་ཀྱི་སྤྲང་པོ་ཟ་ཉལ་མཁན་འབྲུའི་སྔགས་འཆང་དགེ་སློང་རྡོ་རྗེ་འཛིན་པ་བསོད་ནམས་ཆོས་འཕེལ་གྱི་སྔར་བྱས་ཀྱི་གླེང་མོ་ཐམས་ཅད་ཡི་གེར་བྲིས་པ་འདི་ནི། དད་ཅན་གྱི་མི་དབང་མཚོ་སྒོ་ནས་དར་རྒྱས་དྲུང་གིས་གསེར་གྱི་མཎྜལ་དང༌། ཆོས་གོས་རྣམ་པ་གསུམ་སོགས་དངོས་པོའི་གནང་སྦྱིན་དཔག་མེད་བཅས་ནན་གྱིས་བསྐུལ་བ་ལ་བརྟེན། སྐྱག་རྫུན་གྱི་གྲལ་མི་འགྲིག་བཞིན་དུ་བསྒྲིགས་པ་འདི་ནི་འཛིན་བྱེད་ཅེས་བྱ་བ་ཆུ་མོ་ཡོས་བུའི་ལོ་ཟླ་བ་བཅུ་པའི་མཁའ་འགྲོ་འདུ་བའི་དུས་ཚེས་ཉེར་གསུམ་ལ་དཔལ་ལྡན་གྲང་མོ་ཆེའི་གཙུག་ལག་ཁང་གི་བླ་བྲང་ཆོས་དབྱིངས་དཀར་པོའི་རང་གི་བསམ་གཏན་ཁང་བུར་སྦྱར་བའི་ཡི་གེ་པ་ནི་ཉེ་བར་གནས་པ་དཀོན་མཆོག་རྡོ་རྗེས་བགྱིས་པ་དགེ་བར་གྱུར་ཅིག། །།༈ན་མཿཤྲཱི་གུ་རུ་པུཎྱ་དྷརྨ་ཝརྡྷཱ་ཡ། དཔལ་ལྡན་བླ་མ་དམ་པ་རིགས་ཀུན་གྱི་བདག་པོ་གྲུབ་པའི་འཁོར་ལོ་སྒྱུར་བའི་བདག་ཉིད་ཆེན་པོ་སྔགས་འཆང་ཆོས་ཀྱི་རྒྱལ་པོ་བསོད་ནམས་ཆོས་འཕེལ་གྱི་ངོ་མཚར་མཛད་པའི་རྣམ་པར་ཐར་པའམ། རྟོགས་བརྗོད་རགས་པ་ཙམ་ནི་དམ་པ་ཉིད་རང་གི་ཞལ་ནས་སྤེལ་བ་