[A:༣༡༥]རང་དབང་འདུས་པ་ཞིག་ཏུ་སྡོད་དགོས་པ་འདུག །ཁྱོད་རླུང་གིས་ཁྱེར་བའི་སྐབས་ནས། གོང་དུ་ཞུ་བ་ཕུལ་ང་ལ་སྡོད་གནས་ཤིག་གསང་བའི་ཚུལ་གྱིས་འཆོས་གསུང་བ་དང་དུ་བླངས་སོ། །དེ་ལ་རྣམ་པར་སུན་འབྱིན་པའི་དམ་པའི་ཐུགས་དཀྲུགས་པ་ལ་གཅིག་ཏུ་དཔའ་བ་གསང་བའི་དགྲ་བོ་འདྲས་ཞི་དྲག་གི་བྱེད་པ་ཡོད་ཀྱང་ཟག་འཕེལ་བས་བཞི་མདོའི་རྩྭ་ལྟར་བོར། ད་ཤི་ན་ཡང་བློ་བདེ་ཆོས་ཀྱིས་གཟུགས་ཀྱི་དོན་ཐམས་ཅད་ནི་གྲུབ། སྔར་ཡོད་ཀྱི་ཁོ་བོའི་ལག་ཏུ་ཕྱིན་པའི་ལོངས་སྤྱོད་ཐམས་ཅད་ནི་དོན་ལྡན་དུ་འགྱུར་བ་དེ་ཡིན། ཚེ་མཇུག་འདིར་ལྟོགས་འཁྱགས་ནས་ཤི་ན་ཡང་འགྱོད་པ་བྲལ། མ་ཤི་བར་བསྡད་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་པ་ནི་འབྱུང་བས་གཏུགས་ནས་མི་འདུག །ན་སོའང་དུས་མཐར་སླེབ་རྟེན་བཞེང་སོགས་ཕྲན་བུ་དེ་ཚོ་ཡང་གྲུབ། མཚོ་སྒོ་བའི་དར་རྒྱས་དྲུང་གི་བཞེད་པ་ལྟར། སྤྲང་པོའི་བདེ་སྡུག་གི་གཏམ་རྣམས་ཀྱང་ཐར་ཐོར་ཞིག་གྲུབ། ལྐོག་ཞལ་སྤངས་པའི་ཉེ་འཁོར་འདི་པའི་བྱེད་ལུགས་འདི་ཚོ་དང༌། གང་ལ་བསམས་ཀྱང་ད་ལོ་སྡོད་པ་དཀའ་གསུང༌། དེ་ལྟ་བུའི་གསུང་མི་ཕེབས་པ་ཞུ། བླ་མ་དམ་པ་བཞུགས་ཕྱིན་བསྟན་པ་དང་སེམས་ཅན་ལ་ཕན་པ་དེ་ཡིན་ཞུས། གང་ལྟར་སྙན་བརྒྱུད་ཀྱི་གདན་ས་འདི་ཚོར་བསྟན་པ་འདི་ལ་མདུང་ཆིག་འཛིན་བྱེད་པ་ཞིག་ཨེ་ཡོང་སྙམ་པའི་ལྷག་བསམས་བྱས་ལན་ཅིག་མ་ཡིན་པར་བླངས་ཀྱང་ཐོག་ཏུ་མི་འགྲོ་བ་འདི་བསྟན་པ་འདི་ཉམས་འགྲོ་བའི་རྒྱུ་རུ་འདུག །ལར་བསྟན་པ་འདིར་དར་རྒུད་ཕྲན་བུ་དང་སྙན་བརྒྱུད་ཀྱི་བསྟན་པ་འདི་ལ་འཕེལ་འགྲིབ་དུམ་པ་