R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༣༡༦
[A:༣༡༦]འདུག་པ་ནས། རྟེན་བཞེང་སོགས་དང་སྨོན་ལམ་ཡིད་ཀྱི་རེ་བ་གང་གི་སྐབས་སུ། དར་རྒུད་གང་ཆེ་སར་དེ་ལ་ནན་ཏར་མཛོད་གསུང་བ་འདུག་པས། བླ་མ་བརྒྱུད་པའི་སྐབས་སུ་ཆེད་དུ་འབུང་བ་གང་ལྕོགས་བྱས་མོད། གང་ལྟར་གཤིན་རྗེའི་སྐུ་འདི་ལ་ལས་སྦྱོར་ལན་ཅིག་བྱས་དེ་རྗེས་གཤེགས་སུ་གསོལ་བའམ་མི་མངོན་པར་སྦས་ན་ཆེད་དུ་འདི་ཕན་པ་འདུག་སྟེ། ང་ནི་རྒས་འདུག་གཞན་ནི་སྔགས་པར་ཁས་འཆེ་ཡང་འདི་ཕྱོགས་ཀྱི་ལག་ལེན་དང་གདམས་ངག་སྐོར་ལ་བར་དོའི་གནས་སུ་སླེབ་པ་དང་འདྲ་གསུང༌། དེ་ལྟར་ཡིན་ན་བསྟན་པ་རིན་པོ་ཆེ་ལ་དགོངས་ནས་གནང་འཚལ། རྫས་སོགས་མཐུན་རྐྱེན་བདག་གིས་བྱེད་ལགས་ཕུལ་ནས། དཔེ་ལ་ནན་ཏར་ལྟོས་བསྙེན་པ་ཞིག་ཀྱང་སོང་བས་ད་ལོ་ཨེ་འགྲུབ་ལྟ་བ་ཡིན་ནོ། འོན་ཀྱང་འགྲུབ་པ་དཀའ་གསུང་བ་དེའི་ཐོག་ཏུ་སོང་ངོ༌། །བབས་སྡེ་པ་འདུལ་ལགས་འདི་ས་གནས་ཀྱི་བྱང་ཆུབ་སེམས་དཔའ་ཞིག་ཡིན་པ་འདུག་པས་རབ་ཏུ་བྱུང་ན་སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་ཕུལ་དུ་ཕྱིན་པ་ཞིག་ཡོང་བ་འདུག་སྟེ་ད་ལམ་ཕན་པར་མ་གྱུར་པས་སེམས་ཐང་ཆད་པའི་ངལ་གསོས་ཐབས་མི་གདའ། ཉིན་མཚན་མེད་པར་ཆོས་བཤད་འཇིག་རྟེན་གྱི་བཞེད་དགུའི་གང་ཕན་བྱས་ཀྱང་སྙན་བརྒྱུད་ཀྱི་བསྟན་པ་འདིའི་སྒྲོས་མ་ཉམས་བར་འཛིན་པའི་སློབ་བུ་ནི་ཉིན་མོའི་སྐར་མ་ལྟར་དཀོན་པ་ནས་སྒྱིད་པ་ལུག །ཞབས་དྲུང་ཡབ་སྲས་རྣམས་ཀྱི་བུ་སློབ་ཀྱི་ཁུལ་ནས་ང་ལས་ཞན་པ་མེད་ཀྱང་འཆད་ཉན་ཐེབས་མ་ཆག་ཙམ་འདི་བྱས་པས་སྙན་བརྒྱུད་ཕྱོགས་རེ་ཙམ་མ་ཆད་པ་འདི་ཡིན། ཁྱོད་རང་ཤེས་རབ་ནི་ཨ་ཐོ་འདུག་ད་ཚོད་བཟུང་ནས་སྒྲུབ་པ་