R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༣༢༠
[A:༣༢༠]རོ་མགོ་མེད་པ་ལ་བཅོས་ཐབས་ཡོད་ན་དེ་ག་མཛོད་གསུང༌། འོན་ཀྱང་གསང་ལ་ཁ་རོག་སྡོད་གསུང་བ་ཙམ་བྱུང་ཀྱང་བློ་ལ་བདེ་བའི་གོ་སྐབས་མ་བྱུང༌། ད་སྐུ་རིམ་འདྲ་མཛད་དགོས་པ་འདྲ་ཞུས་པས་རིམ་གྲོའི་མཐའ་རྫོགས་ནས་མེད། ང་ལས་གཞན་ཕྱུག་པ་ཡོད་སྦྱིན་པའི་མཐའ་མ་དེ་ཡིན། ང་ལ་ཡིད་ལ་ཡོད་པ་གང་ཡང་ལག་ཏུ་མ་བླངས་ཁ་ལ་མ་བྱིན་པར་ཟུར་འཐེན་ཁོ་ན་བྱེད་པ་ཞིག་འདུག་སྟེ་ལྟོས་ཨ་གསུང་ཐུགས་ཆད་པ་དུ་མ་གནང་བྱུང་བས། ཅི་བྱ་གཏོལ་མེད་དུ་གྱུར་པ་ཞིག་བྱུང་བ་སོགས་དེ་སྐོར་མཐའ་ཡས་པའི་བཀའ་ཕེབས་པ་ཞིག་འདུག་ཀྱང་འདིར་དགོས་མེད་དུ་ཟད་པས་མ་སྤྲོས། གང་ལྟར་དེ་གྲོལ་ནས་སྒྲུབ་པ་ཆེན་པོ་བཀའ་བརྒྱད་ཀྱི་ཐུགས་དམ་ཟབ་སྐོར་གནང་བའི་དུས་མཛད་ཀྱང་སློབ་མ་རྣམས་གཞན་དབང་དུ་ཤོར་ནས་མ་བྱུང་ངོ༌། །ཟླ་བ་དེ་ནང་གི་ཚེས་བཅོ་བརྒྱད་ལ་བབས་སྐུ་འཁྲུགས་ཀྱི་གཞི་མ་ཕྲན་བུ་ཡོད་པའི་སྟེང་དུ་སྐུ་གྲིབ་ལ་ཉེན་པའི་སྐུ་ཁམས་ཉོག་ཚད་པ་ཙམ་བྱུང་བའི་ངང་ནས་སླར་ཡང་དོན་དུ་གཉེར་བ་མང་པོ་ལ་རྣམ་ཐར་གྱི་ལྗགས་ལུང་ཚར་གཅིག་གནང༌། སྐུ་ཁམས་ཀྱང་དངས་མུར་བྱུང་སྐབས་བཞུགས་ཡུལ་གྱི་འཕྲོ་འདི་ཚོ་དང་ལྷ་ཁང་གི་ལྡེབས་རིས་འདི་རྣམས་བསོས་འཕྲལ་བྱེད་དགོས་པ་འདྲ་བས་ཚོན་རྩི་འདྲ་རྩོལ་གྲུབ་བྱེད་དགོས་པ་འདྲ་ཞུས་པས། ཁང་པ་རུ་ནི་སུ་སྡོད་པ་སྡོད་ང་སྡོད་པའི་ངེས་པ་ནི་མེད་ལྡེབས་རིས་རྣམས་སུས་མཛད་ཀྱང་སྟབས་བདེ་མོད། ངས་ནི་གྲུབ་པའི་ལུགས་ཡིན་གསུང་མདོར་ན་ཕྱོགས་དུ་མ་ནས་བཀའ་ལུང་ཕེབས་པ་ལ་སྙིང་ཁོང་ལྕགས་ལ་བྱས་པའི་བྲེད་པོ་ཁོས་གོར་མ་ཆག་གོ །