[A:༣༡༩]བླ་མའི་འདོད་པ་ཡེ་མེད་པ་དང་ལྷག་པར་སྐྱེ་བ་མི་མཐུན་པ་ནས། དགོངས་པས་གྲོལ་བ་དགོས་ཟེར་བ་ལ་དེ་ལྟར་མ་གསུང༌། འཇིག་རྟེན་ན་བུ་དང་ཆོས་ལ་སློབ་མ་ཡིན་ཕྱིན་རྟེན་འབྲེལ་གྱི་ཆ་ཡང་ཡོད་གསུང་བས་དེ་ལྟར་སྣང་ངོ༌། །ཕྱི་ནང་གི་ལས་མགོན་གྱི་རྗེས་གནང་སོགས་བྱེད་དོ་གསུང་ཞལ་བཞེས་གནང༌། དེ་ནས་ཚེས་བཅོ་ལྔ་ལ་རྣམ་ཐར་གྱི་ལྗགས་ལུང་གོང་ནས་ཞལ་ངོས་དབུ་མཛད་བུ་སློབ་རགས་བསྡུས་ཐོག་ཅིག་ལ་གནང༌། དེ་ཉིན་གྱིས་ཆོས་ཐུན་གྲོལ་དགོངས་ཐུན་ལ་ཕེབས་ཁར། རྣམ་ཐར་གྱི་ལུང་དགོས་ཟེར་བ་ང་གང་ཟེར་ལྟ་བ་ཡིན་པ་འདྲ་གསུང༌། དེ་འདྲ་ཅི་ཡིན་ལགས་ཞུས་པས། ང་ལ་རྣངས་མེད་ཀྱང་གསར་རྙིང་གི་རྒྱ་བོད་ཀྱི་བླ་མ་བརྒྱུད་པ་ཇི་སྙེད་དང་དེ་དང་མཚུངས་པའི་རྒྱུད་སྡེ་བཞིའི་ཡི་དམ་ཞི་ཁྲོ་དམ་ཅན་རྒྱ་མཚོ་འདས་པ་དང་འཇིག་རྟེན་པའི་སྲུང་མ་མང་པོ་ཡོད་པས། དེ་རྣམས་ལ་ཉམས་གསོ་བའི་ཕྱིར་དང༌། ཕྱི་ནང་གི་རྟེན་འབྲེལ་གང་འགྲིག་བྱེད་དགོས་པ་ལ་མ་བྱུང་སོང༌། ང་རང་གི་བྱས་ན་ཤེས་འདོད་ལངས་པ་ལྟར་ཡོད་སྙམ་པ་བྱུང༌། གཏེར་སྦྱིན་འདི་ཚོ་ལས་ཚོགས་འཁོར་ཞིག་བྱས་ན་ལོ་རེ་ལོ་གཉིས་རྟེན་འབྲེལ་ཞིག་བདོག་སྟེ་ཕཊ་གསུང༌། འོ་ན་སང་ཉིན་ཚོགས་འཁོར་ཞིག་དང་བསྐང་གསོ་འདྲ་ཡང་བྱས་ན་ཡོང་ལགས་སམ་ཞུས་པས་སྔ་མ་དགོས་པ་རྟིང་མ་བྱས་པས་ཅི་ལ་ཕན་ད་དེ་ག་ཡིན་མི་བྱེད་གསུང༌། ལྟས་ཇི་ལྟར་བདའ་ལགས་ཞུས་པས། གོ་རྒྱུ་མེད་ལབས་ཀྱང་ཐང་ཆད་པ་ལས་མི་འདུག་འཆི་བའི་རྟགས་མང་པོ་འདུག་གསུང་བྱུང་བས། ཞབས་པད་བརྟན་པ་བཀའ་དྲིན་ཆེ་དགོས་བརྟན་བཞུགས་ཞིག་ཀྱང་འབུལ་ཞུས་པས་