[A:༡༦༩]ཁྲིམས་ཀྱི་རྒྱན་གྱིས་རྣམ་པར་མཛེས་པ་མདོ་རྒྱུད་མ་ལུས་པའི་བང་མཛོད་རྡོ་རྗེ་འཛིན་པའི་མངའ་བདག་ཆེན་པོ་དེ་ཉིད་ཀྱི་སྟག་ལུང་སྣ་དཀར་གྱི་མཁན་པོ་གནང༌། མཚན་པཎ་ཆེན་གྲགས་པ་ཐོགས་མེད་ཅེས་པའི་ཞབས་དྲུང་དུ་བདག་གིས་སླེབ། གཞི་སྔོན་མའི་སྟེང་དུ། གཉིས་པ་དགེ་ཚུལ་གྱི་བསླབ་པ་འདུལ་བ་ནས་གསུངས་པའི་གསོལ་བཞིའི་ཆོ་གའི་སྒོ་ནས་དགེ་ཚུལ་གྱི་སྡོམ་པ་ཐོབ། དེ་ནས་གསུངས་པའི་རགས་རྡོག་བཅུ་སོགས་བསྲུང་སྡོམ་ཕྲ་ཞིང་ཕྲ་བ་རྣམས་ལ་ཉེས་བཅས་ཕྲ་མོ་ཙམ་གྱིས་མ་གོས་ཤིང་ཐེག་ཆེན་གྱི་བྱང་ཆུབ་སེམས་དཔར་བྱས། གནས་དེར་དམ་པ་དེའི་དྲུང་དུ་ལོ་གསུམ་བསྡད། དབུ་མ་རྩ་འགྲེལ། ཀརྨ་ཤ་ཏམ། མངོན་པ་རྩ་འགྲེལ། བཤད་མཛོད་ཆེན་མོ། །ཕར་ཕྱིན་རྩ་འགྲེལ། བྱམས་ཆོས་སྡེ་ལྔ། བསྟན་པ་རིན་པོ་ཆེ་ལྷག་མ་མ་ལུས་པའི་ཕུང་པོ་བསྟན་བཅོས་སྡོམ་གསུམ་རབ་དབྱེ་ལ་སོགས་པ་ཕལ་ཆེར་བློ་ལ་ཟིན། ཚིག་རྐྱང་མ་ལུས་པ་ཟིན་ཡང་ཟིན། གོ་དོན་མཐའ་གཅོད་པ་རྣམས་དམ་པ་དེའི་གསུང་ཟེར་ཕྲ་མོ་འཛིན་བློ་བྱས་ཀྱང༌། དཔག་པར་དཀའ་བའི་གསུང་གི་ཟུར་ཙམ་ཡིན་ཏེ་ནམ་མཁའི་ཁམས་ལས་བྱིས་པའི་འདོམ་གྱིས་གཞལ་བ་དང་མཚུངས་སོ། །མདོར་ན་ཕ་རོལ་ཏུ་ཕྱིན་པའི་གཞུང་ལུགས་ལ་ཐོས་བསམ་སྦྱང་བ་བྱས་བློ་ཁ་ཡང་སྤྲོ་སྙམ་པ་བྱུང༌། དེ་ནས་ཉེར་གསུམ་པ་ལ་ཤངས་རྣམ་གླིང་དུ་དམ་པ་དེའི་ཞབས་ཕྱིར་ཕྱིན། སངས་རྒྱས་བསྟན་པའི་སྤྱིའི་སྦྱིན་བདག་རིན་སྤུངས་ནས་ཀྱིས་ཞལ་བཀོད་གནང༌། དགོན་གསར་ཞིག་འདེབས་པ་མཛད་པའི་གནས་མིང་ལ་ཐུབ་བསྟན་གསེར་མདོག་ལྷུན་པོར་གསོལ། དེར་ལོ་གསུམ་སྡེ་སྣོད་ཀྱི་བཤད་གྲ་ཐག་ཆོད་པ་ཞིག་