[A:༣༢༢]ཚོགས་ལ་གླགས་ལྟ་བ་ཐམས་ཅད་ཕྱིའི་རྒྱལ་མཚོའི་མཐར་སྐྲད་པ་དང༌། ཕྱི་མ་བྱང་ཆུབ་ཀྱི་ས་ལམ་ལ་བར་དུ་གཅོད་པ་ཐམས་ཅད་ཞི་བའི་འཕྲིན་བཅོལ་དང་བཅས་པ་རྒྱས་པར་གནང༌། རིམ་པས་སྐུ་ཉིད་དངས་པའི་འགོ་ཚུགས། ཚེས་གསུམ་གྱི་ཉིན་སྐུ་ཚེའི་བར་ཆད་ཐམས་ཅད་ཞི་བ་དང་བསྲིང་བའི་ཕྱིར་ཚེ་དབང་ལྕགས་སྡོང་མ་བརྒྱ་ཚར་གནང་བའི་ཕྱེད་ཙམ་སོང་བ་ན་དམ་པ་ཉིད་ཐུགས་མི་ནོན་པ་ལྟ་བུའི་བུན་ནེ་བ་ཞིག་བྱུང་བ་ནས་སྐུ་བསེར་ལྟ་བུ་ཡིན་ནམ་ཞུས་འཇམ་ཕྲན་བུ་ཙམ་མཛད་བཀའ་དབང་རྫོགས་པར་གནང༌། ད་ཞབས་དྲུང་རང་འཇིག་རྟེན་ན་བདེ་བ་གང་ཡང་མི་འདུག་མོད་འོན་ཀྱང་ང་ཉིད་ལས་ལྷག་པ་མེད་སྙམ་ལྷོད་དེ་བཞུགས། ཅུང་ཟད་ཡེར་བའི་གྲབས་བྱུང་ན་ཐུགས་དབང་ཆེན་རིན་པོ་ཆེ་གསེར་གྱི་ས་གཞིར་ཕབ་ལ་དེའི་ངང་ལ་ཞིག་གེ་ཞོག་མཛོད་གསུང་བསླབ་སྟོན་གནང༌། ཐུགས་དམ་སྤྲོས་བཅས་རྣམས་ཀྱང་སྤྲོས་མེད་ཁོ་ནའི་ངང་ལ་ཡུན་རིང་དུ་ཧར་རེ་བཞུགས་པ་གནང༌། སྐུ་འཁོར་ཡོང་བའི་སྐྱ་སེར་ཀུན་ལ། ཁོ་དེ་ཚོ་འཇིག་རྟེན་འདི་ལ་སྙིང་པོ་ཨེ་འདུག །མ་ཎི་རེ་བགྲོངས་དང་གསུང་བ་ལན་ཅིག་མ་ཡིན་པར་གནང༌། མདོར་ན་ཚེ་འདི་ལ་ཞེན་ལོག་གི་བཀའ་ལུང་འབའ་ཞིག་གནང་ངོ༌། བཀའ་དབང་ཕྱེད་ཙམ་སོང་བའི་དུས་ཐུགས་ལ་ཇི་ལྟར་བཞེད་པ་བྱུང་ལགས་ཞུས་པས། རི་བོ་པོ་ཏ་ལ་ནས་འཕགས་པ་སྤྱན་རས་གཟིགས་ཀྱི་གནང་བ་ཡིན་ཟེར་བའི་ཁྱེའུ་དཀར་པོ་རལ་པའི་ཅོད་པན་ཅུང་ཟད་ཡོད་པ་དར་དམར་པོའི་ཨང་རག་བྱས་པ་མེ་ཏོག་དཀར་པོའི་སེ་རལ་ཁ་དང་ལག་ན་དུང་དཀར་པོ་དང་པདྨ་དཀར་པོ་ཁྱེར་བ་