[A:༣༢༣]ཞིག་གིས། ང་ལ་རྒྱ་ཕྱག་སྡམ་ནས་ཚེ་ཟན་གྱི་བུམ་པའང་འཆོར་ལ་ཉེ་བ་ཕྱུང༌། ཀུན་མཁྱེན་རོང་པོས་སེ་སྡོང་ཅན་ཁྲིད་ནས་རྒྱ་ནག་ལ་ཀློག་སོང་བ་གཟིགས་ལགས་སམ་ཟེར་འདུག །རྒོད་བྲོ་སྡེ་པ་འདིའི་སྐུ་རིམ་ལ་མནན་པ་ཞིག་མེད་ཀ་མེད་འདུག་ཀྱང་མི་འགྲུབ་པ་འདུག །ད་ལམ་སྐུ་ཁམས་གཞི་མེད་དུ་དངས་པ་ཡོད་པ་འདུག་པས་བློ་བདེ། ཁྱེའུ་དེ་ཉིད་འཕགས་པའི་སྣང་བ་ནི་ཨེ་ཡིན་མི་ཤེས་ང་ལ་ཁྱོད་ཀྱི་གདུལ་བྱའི་ཞིང་ཁམས་ཡིན་ཟེར་ལུང་པ་ཐམས་ཅད་ནགས་རོང་འབའ་ཞིག་བྱས་པ་འདྲ་དང་ཆུ་བོ་ཁོ་ནས་བསྐོར་བའི་ལུང་པ་མང་པོ་དང་ལུང་ཕྲན་ཇི་སྙེད་སྟོན་པར་བྱེད་པ་ཞིག་བྱུང༌། དེ་བར་ལ་ང་ལ་རླུང་ཡིན་བྱས་པ་འདྲ་དོན་ལ་དེ་ལྟད་མོ་ལ་ཡོངས་པ་ཡིན་གསུང༌། མི་གཞན་ལ་མ་ཟེར་གསུང་པ་ཙམ་གནང་མོད། བཀའ་དབང་དེའི་རིང་ལ་བརྒྱ་ཚར་ཅུང་མ་སོང་ལགས་སམ་ཞུས་ཀྱང་བརྒྱ་ཚར་སོང༌། ངས་གྲངས་ཏིག་ཏིག་བྱས་པ་འདི་ལགས་གསུང་ཕྱག་འཕྲེང་སྟོན་པ་གནང༌། དོན་ལ་ཡང་སོང་བ་དེ་གར་གདའ། ཚེས་ལྔ་ལ་གསུང་ལས་བྱོན་པའི་སྲས་ཀྱི་མཆོག་གྱུར་རྗེ་བཙུན་ངག་དབང་དྲུང་རི་ཁྲོད་ཤིང་མང་གི་གདན་སར་ཕེབས་པའི་བསླབ་སྟོན་ཞུ་བར་ཕེབས། ད་ལམ་ཤིང་མང་ལ་ཁོར་པ་བྱོན་སླར་དགོན་པར་ཕེབས་ནས་ཕྱི་ནང་གི་ལས་མགོན་སོགས་ཆོས་གང་ཡོང་བྱེད་པ་ཡིན་ནོ། །ལུགས་གཉིས་སྦྲེལ་བའི་དཔོན་པོ་འདི་པའི་བསོད་ནམས་ཀྱི་རྒྱབ་དཔུང་མཛད་པའི་དུས་ཞིག་ཡོང་བས་དྲག་སྔགས་ཀྱི་འཁོར་ལོ་རྒྱུན་ཆད་མེད་པར་རྟག་ཏུ་བཟླ་བ་གལ་ཆེ། བདག་ཀྱང་ཁམས་བདེ་རྒྱུ་རང་