R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༣༢༤
[A:༣༢༤]མི་འདུག་པས་ཡུན་རིང་སྡོད་དུ་དཀའ། ཐུགས་དམ་དང་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེར་མཛོད། འམ་བུ་ཤི་ན་ཡང་ཁ་ཆེམས་མཛོད། མ་ཤི་ན་ཡང་བསླབ་སྟོན་གྱི་དངས་མ་ཡིན་གསུང་ལུང་བསྟན་སྩལ། མདོར་ན་མི་བཞུགས་པ་ཁོ་ནའི་དགོངས་པ་མཛད་གདའ། སླར་ཡང་རྗེ་དྲུང་གིས་སྐུ་ཁམས་ཀྱི་ཚོ་འཛིན་སོགས་ཞུ་ཆ་འདྲ་འབུལ་གྱིན་གདའ་བས་ལན་མི་གསུང་པར་ལྟ་བ་སྤྲོས་བྲལ་ཁོ་ན་ལ་ཟིམ་མེ་འཇོག་པ་གནང་གདའ། དེ་ནུབ་ས་སྲིབ་ཙམ་ལ་སྐུ་ཉིད་གསང་བའི་དུས་ཁོ་དེ་སྔར་ཕན་ང་ལ་སྲི་ངན་པ་འདི་འདྲ་ཡེ་ཡོང་མ་མྱོང་སྟེ་འོན་ཀྱང་ད་ལོ་ཨ་མའི་ལོ་སྲི་དང་ཞབས་དྲུང་མཁྱེན་བརྩེའི་དྲུང་གི་ལོ་དུས་ཀྱི་སྲི་དང་སྒོར་མ་ནས་ང་མི་སྡོད་པ་འདུག །ད་སྡེ་པར་ཞུས་ན་ཐུགས་ཁྲལ་ཆེ་བས་མ་ཞུ། སང་ཉིན་དགོན་པར་འགྲོ་ཞུས་ཤོག །ལོ་མང་ག་ནས་སྡོང་དེ་རིང་སང་མི་འཆི་བའི་ངེས་པ་མི་འདུག་གསུང༌། མི་ཚེ་ཆོས་ལ་བསྐྱལ་བའི་ཁུང་ཡིན་པས་རྫོང་སོགས་ཁྱིམ་ནང་དུ་ཤི་ན་དེ་འདྲ་ལས་བླུན་པ་མེད་གསུང༌། སང་དགོན་པར་ཕེབས་པའི་བསླབ་སྟོན་རྣམས་ཞུས། ཚེས་བདུན་ལ་སྡེ་པའི་དྲུང་དུ་བཞུགས་གྲལ་རྒྱས་པར་མཛད་གསོལ་འདེགས་འབུལ་ཆས་རྣམས་ནི་ལྷའི་དཔལ་འབྱོར་ལ་འགྲན་ཟླ་བྲལ་བ་འདུག །ཕེབས་ཀར་ཞབས་དབང་དང་བརྒྱུད་པའི་བཀའ་བསྒོ་རྒྱས་པར་མཛད་རྗེས། སྐུ་ཚེ་འདི་ཉིད་དུ་ནད་གདོན་བར་དུ་གཅོད་པ་ཐམས་ཅད་ཞི་བ་དང༌། ཚེ་དང་དཔལ་འབྱོར་ཐམས་ཅད་རྒྱས་པ་དང༌། སྐྱེ་བ་དང་ཚེ་རབས་ཐམས་ཅད་དུ་ཐུགས་རྗེའི་སྐྱབས་འོག་ཆུད་པའི་འཕྲིན་ལས་བཅོལ་བ་དྲག་ཏུ་མཛད།