[A:༣༢༥] འཇིག་རྟེན་ཕྱི་མའི་བསླབ་བྱ་ལ། ཞབས་དྲུང་རང་ད་ལམ་སྐུ་ཁམས་དགའ་མོ་ཡོད་གདའོ། །རྒྱལ་སྲིད་ཆོས་བཞིན་དུ་སྐྱོངས། ཐུགས་དམ་གོང་འཕེལ་དང༌། གཡོག་པོ་ལ་བྱམས་བརྩེ་དང་མ་བྲལ་བའི་སྐྱོང་རྡར་མཛོད། འམ་བུ་ལ་ཐུགས་འཕྲེང་མི་དགོས་སྐུ་ཁམས་ཀྱི་འཚོ་སྐྱོང་གང་ཡོང་མཛོད་གསུང༌། དོན་ལ་འབྲལ་མི་ཕོད་པ་ཙམ་མཛད་ནས་དགོན་པར་ཕེབས། དེ་ནུབ་རས་ཕྲན་བུ་ཞིག་ལས་འདུག་པས་འདི་ཚོ་དགེ་འདུན་ལ་ཕུལ་གཏོང་གསུང༌། ཀ་ཤི་ཀའི་རས་འབའ་ཞིག་གི་དགེ་འདུན་རེ་ལ་ཁ་རེའི་འགྱེད། བླ་མ་ཡབ་སྲས་སོ་སོའི་གདུང་དང་སྐུ་འདྲ་ལ་སྙན་དར་སོགས་ཀྱི་ཞལ་བཀོད་གནང༌། ཚེས་བརྒྱད་ལ་མང་ཇ་འགྱེད་ཆས། རྡོ་རྗེ་འཇིགས་བྱེད་ཀྱི་བརྒྱུད་པ་རིན་པོ་ཆེའི་ལྷ་ཁང་དུ་ལས་ཀྱི་གཤིན་རྗེ་དང༌། དཔལ་ལྡན་ལྷ་མོ་ཉིད་ལ་སྙན་དར་དང་ཐུགས་དམ་གཏོར་གཞི་འཛུགས་པ་གནང༌། བསྐང་གསོ་བརྒྱ་ཚར་རེའང་མཛད་པའི་ཕྱེད་ལྷག་ཙམ་སོང་བ་ན། ངས་གཏོར་མ་འཛུགས་པ་དང་བསྐང་གསོ་བྱེད་པའི་མཐའ་མ་ཡིན་པས། ལྷ་མཆོག་ཁྱེད་ཀྱིས་བྱིན་གྱིས་རློབས་ཤིག །ས་ལམ་གྱི་བར་ཆད་སྲུང་ཤིག་གསུང་བྱུང་བས། བསྟན་པ་དང་སེམས་ཅན་གྱི་དོན་དང་བདག་སོགས་གདུལ་བྱའི་ཚོགས་ལ་དགོངས་ནས་དེ་ལྟར་མི་གསུང་བ་ཞུ། ད་ལན་ཚེས་བཅོ་ལྔ་ལ་བརྟན་བཞུགས་ཀྱི་གསོལ་འདེབས་ཀྱང་བྱེད་རྩིས་ཡིན་ལགས་ཞུས། དེ་ག་མཛོད་དང་གདན་གཞན་ནའང་བཤམས་གདའ་གསུང༌། དེ་ནས་བསྐང་གསོའི་མཇུག་རྫོགས་པ་དང་ཉི་མ་ཕྱེད་