[A:༣༢༦]ཡོལ་ཙམ་ལ་སྙུང་བའི་ཚུལ་བསྟན། དེ་སྐབས་བསམ་གྲུབ་ནས་སྐྱ་སེར་ཀུན་གྱི་ཁྲོད་ནས་གཅིག་གཉིས་ལ་ཆགས་སྡང་གི་གདོན་ཞུགས་ནས། བླ་མ་དཔོན་པོ་རྒྱུ་འབྲས་གསུམ་ཁྱད་དུ་བསད་པའི་རྗེས་མང་པོ་སྔར་ནས་ཀྱང་འདུག་པ་དང༌། དེའི་མིག་ལྟོས་ངན་པས་མཚམས་སྦྱར་ནས་ད་ལན་ཀྱང་ཁོ་རང་རྣམས་འདི་ཕྱིའི་དོན་ཐམས་ཅད་རྩ་བ་ནས་བརླག་པ་ཞིག་དང༌། ཉམས་གྲིབ་ཀྱིས་རྐྱེན་བྱས་དམ་པ་ཉིད་ཀྱི་ཞིང་ཁམས་འདི་ཉིད་སྟོང་པར་གྱུར་པའི་རྒྱུ་བྱས་སོ། །དེ་ནུབ་ན་བཟའ་སོགས་སྐུ་རིམ་གྱི་ལན་གྲངས་མང་དུ་མཛད། ཚེས་དགུའི་སྔ་བར་སྡེ་པ་འདུལ་ལགས་ངམ་རིང་དུ་ཕེབས་དགོས་ཀྱི་ཞབས་དབང་ཞུ་བ་དང༌། སྐུ་ཁམས་ཀྱི་འཚོ་སྐྱོང་ཞུ་བར་ཕེབས་སྐབས། བྱིན་རླབས་ཀྱི་གནང་བྱིན་སྟོབས་ཆེ་བ་དང་བཅས། ངམ་རིང་ལ་དེ་རིང་བྱོན་རྒྱུ་ལགས་སམ། དེ་ག་ལགས་དཔོན་པོ་འདི་ཚོ་ལས་སྐྱག་པ་མེད་པས་བྱོན་མཛོད། སྒོར་མ་ནས་རྟོག་པ་ཞིབ་མོ་དང་ལུས་ངག་ཡིད་གསུམ་ཐུགས་དམ་ལ་དྲིལ་མཛོད། སྙིང་པོ་གང་ལའང་མི་འདུག་པ། བདག་ཀྱང་ཨ་ཐོ་ཡོང་ངམ། མ་བྱུང་བར་ཤི་ཡང་མི་ཚེ་མཐར་ཁྱོངས་ཤུལ་ན་འཕྲང་དགོས་པ་ནི་ཅི་ཡང་མེད། ཆོས་འགོ་ཐོན་པའི་ཁུངས་བྱས་འགྱོད་པ་མེད་གསུང་བ་ལ། བསྟན་པ་ཉག་པའི་དུས་དང་སེམས་ཅན་སྡུག་པའི་དུས་འདིར། དམ་པ་ཉིད་བདག་སོགས་གདུལ་བྱ་མཐའ་དག་ལ་དགོངས་ནས་ཞབས་པད་བརྟན་པ་གནང་དགོས་ཞུ་བ་ལ། དེ་ག་ཞུ་ཐུགས་འཕྲང་འཕྲང་མ་མཛད་པར་བྱོན་མྱུར་དུ་མཇལ་ཡོང་གསུང༌། དེ་ནས་རིམ་པར་ཕེབས་རྩིས་མཛད་པས། ཉི་མ་ཕྱེད་ཡོལ་ཙམ་ནས་