R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༣༢༨
[A:༣༢༨]ཅིང༌། ཅི་བྱ་གཏོལ་མེད་དུ་གྱུར་པ་བྱུང༌། འོན་ཀྱང་དམ་པ་ཉིད་ཞབས་པད་བརྟན་པ་དག་ཀྱང་སྲིད་དམ་སྙམ་པ་དང༌། ཚེས་བཅུའང་ཆག་ན་མི་རུང་སྙམ་ལུས་སེམས་ཚུགས་མི་ཐུབ་ཀྱང་བྱེད་པའི་རྩིས་བྱས། ཚོགས་འཁོར་གྱི་སྐབས་སུ་བབས་པ་ཚོགས་འཁོར་རྒྱས་པར་བྱེད་ང་ལའང་ཞུས། ཞབས་དྲུང་དང་ཁྱེད་ཚོ་རང་ཡང་ཡིད་ཆེས་པར་ཟོ་གསུང་ཚོགས་འཁོར་རྒྱས་པར་གནང༌། དེ་ནུབ་ཞབས་དྲུང་ལྷུན་ཆེན་ལགས་ཀྱི་སྐུ་འདྲ་རིན་པོ་ཆེ་ཁ་རེ་ལ་ཕྱག་ནས་ཞུས་གསུང་སྙན་དབང་ཕུལ་བས། མཚན་ལ་རབ་གནས་བྱུང་དོགས་མེད་སང་སྔ་བར་བྱེད་པ་ཡིན་ནོ་གསུང༌། དེ་ནས་ཐོ་རང་གི་དུས་ཉིད་ན་སྐུ་ལུས་དྲང་པོར་བཞུགས་ནས། སྐད་ཅིག་ཡུད་ཙམ་ཞིག་ལ་མ་བཞུགས་པ་ཞིག་བྱུང་བས། སླར་ད་ལམ་ཞིང་ཁམས་ཇི་འདྲ་ཞིག་ལ་གཤེགས་ཞུས་པས། ཤར་ཕྱོགས་མངོན་པར་དགའ་བའམ་པོ་ཏ་ལ་ཡི་ཞིང་དུ་ཁོར་ཙམ་འགྲོ་བསམ་པ་བྱུང་གསུང་དོན་ལའང་གཤེགས་པར་གདའ། ཚེས་བཅུ་གཅིག་ལ་སླར་ཡང་ཞལ་འཛུམ་དང་བཅས་ཕེབས་ནས། ཁྱེད་ཚོས་ང་ཤི་བའི་ཁུངས་བྱས་པ་ཨེ་ཡིན་གསུང་དབུགས་དབྱུང༌། དེ་ནས་ཞབས་དྲུང་གི་དམ་པ་ཁྱེད་ལྟ་བུ་སྐྱེ་འཆི་ལ་རང་དབང་ཐོབ་པ་ཡིན་པས། བསྟན་པ་དང་སེམས་ཅན་གྱི་དཔལ་དུ་སླར་ཕེབས་པར་བཀའ་དྲིན་ཆེ་ཞུ་བའི་རྟེན་དང༌། བདག་སོགས་གདུལ་བྱའི་ཞིང་ཁམས་མི་གཏོང་བར་བཞུགས་པ་གནང་དགོས་ཞུ་བ་གནང་བས། དེ་ག་བྱེད་གསུང་བ་དང༌། ཕྱག་ཡོད་ཀྱི་བྱིན་རླབས་ཅི་འདུག་ཐམས་ཅད་ཚོགས་གཅིག་ཏུ་མཛད་པ་དང༌། བདག་ཅག་རྗེ་འབངས་ཀུན་ལ་འགྱོད་པ་གནང༌།