[A:༣༢༩] དོ་ནུབ་ཉེ་ཁོར་ཅིག་ཏུ་རྔ་རྡུང་མི་ཞིག་བྱུང་ན་ཡོང་བ་འདུག་སྟེ་གསུང༌། སྐུ་རིམ་ལ་དམིགས་ནས་དྲག་དམར་གྱི་གཏོར་བཟློག་ཅིག་བྱས་ན་ཨེ་ཡོང་ལགས་ཞུས་པས། ད་ལྟ་རང་རྩོམས་གཏོར་མ་འཕང་མཁན་ཁྱོད་རང་གིས་བྱས་པས་ཆོག །ང་ལ་ཕན་པར་མ་གྱུར་ཀྱང་ཕྱིས་སུ་སྦྱིན་བདག་གི་རྐྱེན་ངན་བར་གཅོད་ཐམས་ཅད་མི་འབྱུང་བར་ངེས་པས། དམིགས་པ་དགོས་པ་རྣམས་ང་རང་གིས་བྱེད་གསུང་པ་ལྟར་ཅི་གསུང་ཀུན་ལྐོག་གྱུར་ལུང་བསྟན་དུ་སོང་ངོ༌། །དེ་རིང་ཚེས་བཅོ་ལྔ་ཡིན་ཨང་གསུང༌། སྐུ་མདུན་དུ་བྱིན་རླབས་ཞུ་བར་ཕེབས་པས། རྗེ་བཙུན་ངག་དབང་པ་དང་ཞལ་ངོ་རྣམས་དང༌། གཞན་ཡང་སྐྱ་སེར་སུ་བྱུང་ཡང་སྔར་ལས་ཞན་དུ་མ་སོང་བའི་ཕྱག་དབང་གནང་བ་ཞལ་རས་ལ་འགྱུར་བ་མི་མངའ་བ་འདུག་གོ །སྙུང་ཚུལ་མཛད་པའི་གནས་སྐབས་ཐམས་ཅད་དུའང་ཐུགས་དམ་ཟབ་མོའི་རིམ་པ་རྣམས་དང་གསང་སྔགས་བཟླས་བརྗོད་མཛད་པ་རྣམས་རྒྱུན་ཆད་མེད་པར་སྨྲ་དག་ཅིང་རང་བབས་སུ་གནང་བ་དང་སྐུ་ལུས་ཀྱི་ཟོ་མདོག་ཀྱང་སྔར་བས་དངས་པ་ཙམ་བྱུང་མོད། བསམས་ན་རྡོ་རྗེའི་སྐུ་ལུས་ལ་སྐྱེ་འཆི་དང་བགྲེས་རྒུད་སོགས་ཕ་རོལ་གྱི་མཚན་མ་ངན་པ་གང་ཡང་མེད་པར་གདའོ། །གང་གི་ཚེ་དཔལ་རྒྱལ་བ་སྲས་དང་བཅས་པ་ཀུན་གྱི་ཡབ། གྲུབ་པའི་དབང་ཕྱུག་ཆེན་པོ་དཀྱིལ་འཁོར་ཀུན་གྱི་རིགས་བདག །དཔའ་བོ་དང་མཁའ་འགྲོ་ཐམས་ཅད་ཀྱི་དེད་དཔོན། བདག་སོགས་གདུལ་བྱ་མཐའ་དག་གི་སྐྱབས་མགོན་གཅིག་པོ། ཟུང་འཇུག་རྡོ་རྗེ་འཆང་དང་ཞལ་མི་གཉིས་པའི་དམ་པ་ཉིད་ཞིང་འདི་ནས་