[A:༣༣༣]ཆོས་སྐྱོང་གི་སྤྱན་གཟིགས་ལྷ་རྫས། གཞན་ཡང་རྗེ་བཙུན་མཆོག་གི་སྤྲུལ་སྐུ་ཀུན་དགའ་སྙིང་པོ་དང༌། བསྟན་འཛིན་ཉི་མ་བཟང་པོ་དང༌། དབོན་དབང་ཕྱུག་རབ་བརྟན་པ་དང༌། རྗེ་བཙུན་ལྷ་དབང་པ་རྣམས་ཀྱི་དྲུང་དུ། དམ་པ་ཉིད་ཞིང་འདི་ནས་རྒྱ་ཆེ་བའི་ཞིང་ཁམས་གཞན་དུ་ཕེབས་པའི་ས་ལམ་གྱི་བར་ཆད་ཐམས་ཅད་ཞི་བར་ཞུ་བའི་སྨོན་ལམ་གྱི་རྟེན་མི་ཞན་ཙམ་དང་བཅས་ཕུལ། དཔལ་ཆོས་འཁོར་ཡང་རྩེའི་དགེ་འདུན་རྣམས་ལ་མང་ཇ་ཟུང་སྦྲེལ་དང་བཅས་གསོལ་བ་བཏབ། ཕྱག་རྫས་ཀྱི་ལྷག་ཕྲན་བུ་ཡོད་པའི་སྟེང་དུ། སྦྱིན་བདག་སྟོབས་ལྡན་ཉིད་ཀྱི་དམ་པ་གང་གི་དགོངས་རྫོགས་ལ་དགོངས། ངམ་རིང་ཆོས་སྡེ་ཆེན་པོ་ཉིད་དུ་མང་ཇ་ནས་འབོའི་འགྱེད་བསྔོ་རྟེན་དང་བཅས་པ། ཆབ་སྲིད་ཀྱིས་དགེ་འདུན་པ་དྲུག་བརྒྱ་ཙམ་དང༌། སྒྲུབ་པ་མོ་བརྒྱ་ལྷག་དང་བཅས་པས་ཀྱེ་རྡོར་དང༌། འཁོར་ལོ་བདེ་མཆོག་དང༌། རྡོ་རྗེ་འཇིགས་བྱེད་དང༌། རྗེ་བཙུན་ནཱ་རོ་མཁའ་སྤྱོད། སྦྱོང་དཀྱིལ་བཅུ་གཉིས་ཀྱི་ནང་ནས་ཀུན་རིག་རྩ་བའི་དཀྱིལ་འཁོར་དང༌། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཉོན་མོངས་རང་གྲོལ་གྱི་དཀྱིལ་འཁོར་རྣམས་རྡུལ་ཚོན་གྱི་དཀྱིལ་འཁོར་ཁོ་ན་བྱས། ཞལ་ཕྱེ་ནས་གསོལ་བ་བཏབ། དེ་ཡང་རྡོ་རྗེ་འཇིགས་བྱེད་པའི་ཚོགས་དབུ་རྗེ་བཙུན་ངག་དབང་དྲུང་གིས་མཛད། ཀྱེ་རྡོར་པའི་ཚོགས་དབུ་ཚར་ཆེན་ཆོས་ཀྱི་རྒྱལ་པོའི་ཉེ་གནས་མི་ཕྱེད་པའི་དད་པ་ཅན་བཟང་པོ་རྒྱ་མཚོས་མཛད། བདེ་མཆོག་ཡབ་བཀའ་ཡུམ་བཀའ་རྣམས་ལ་རང་རང་གི་བསྙེན་སོང་གི་སྒྲུབ་པོ་རེས་བུམ་འཛིན་དང༌། རྗེ་བྱམས་པ་ཤཱཀྱ་བློ་གྲོས་དྲུང་གིས་ཀུན་རིག་པའི་ཚོགས་དབུ་དང༌། རྗེ་དཀོན་ཅོག་གྲགས་པས་ཚོགས་དབུ་མཛད་ནས་སྒྲུབ་སྡེ་རྣམས་ཀྱི་འཕགས་པ་ཉོན་མོངས་