R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༡༧༡
[A:༡༧༡]འདུལ་བ་འཛིན་པ་ཆེན་པོ་དོན་ཡོད་རྡོ་རྗེས་གསང་སྟོན་དང་གྲིབ་ཚོད་ཁ་སྐོང་སོགས་དགེ་འདུན་བཅུ་ཕྲག་གཅིག་གི་དབུས་སུ་བཀྲ་ཤིས་པའི་གཙུག་ལག་ཁང་དཔལ་ལྡན་བཀྲ་ཤིས་བརྩེགས་པར་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་ཐོབ། དེ་ནས་གསུངས་པའི་སྲུང་སྡོམ་ཉིས་བརྒྱ་ལྔ་བཅུ་སོགས་ལ་མིག་གི་འབྲས་བུའམ། ཁོག་པའི་སྙིང་ཁྲག་ལྟར་གཅེས་པ་བསྲུངས། ཉེས་བཅས་ཅུང་ཟད་ཙམ་གྱིས་མ་གོས་པར་གནོད་བ་མེད་པས། དཀོན་མཆོག་ཞབས་དྲུང་དུ་མི་མཚེར་ཙམ་འདི་ཡིན། དེ་ནས་མདོ་ཕྱོགས་ཀྱི་སློབ་གཉེར་ཡང་ཟུར་གྱིས་བཞག །སྔར་སྦྱངས་རྣམས་ཡིད་ལ་གཅགས་ནས་འཕྲལ་དུ་འབེལ་གཏམ་བྱེད་དགོས་བྱུང་ཡང༌། མཁས་པའི་སྙན་གྲགས་འབྲུག་སྟོང་ལྡིར་བ་ལྟར་ཡོད་པ་རྣམས་ཀྱི་རྩར་དཔའ་ཞུམ་མི་དགོས་ཙམ་འདི་ཡིན། འོན་ཀྱང་འཕྲལ་གྱི་འབེལ་གཏམ་གླེང་མོ་ཙམ་ལས་ཕམ་པ་བཞི་དང་བཅས་པའི་བསླབ་པ་ལ་སྐྱོན་གྱུར་བྱུང་ན་མི་རུང་སྙམ་སྤམ་མེ་བ་བྱས། གང་ལྟར་སུམ་ལྡན་རྡོ་རྗེ་འཛིན་པའི་དངོས་པོ་རྒྱུད་ལ་ལྡན་པས་བསྟན་པ་ཡོངས་རྫོགས་ཀྱི་དགེ་བཤེས་སུ་བྱས་སོ། །འཁོར་བའི་ཁྱིམ་ཀུན་བཞི་མདོའི་རྩྭ་ལྟར་རྒྱབ་ཏུ་བོར་ནས་སྲས་བཅས་རྒྱལ་བའི་ཡོན་ཏན་རྗེས་སུ་དྲན། །དྲན་པའི་མོད་ལ་ཤཱཀྱའི་བསྟན་ལ་རབ་ཞུགས་བསླབ་གསུམ་སྐྱོན་མེད་ཚུལ་ཁྲིམས་རྒྱན་གྱིས་མཛེས། །མཛེས་ཤིང་མདོ་རྒྱུད་དྲི་མེད་མ་ལུས་ཀུན་གྱིས་གསེར་སྣོད་གདམས་ངག་ནོར་བུའི་དཔལ་གྱིས་གང༌། །གང་ཡང་པཎ་གྲུབ་དུ་མའི་ཞལ་བཅུད་ངོམས་པ་མེད་པར་བོད་ཡུལ་འགྱུར་བའི་དམ་ཆོས་མ་ལུས་ལེགས་པར་སྤྲོ། །ལེགས་ཚོགས་མ་འདྲེས་ཕྱི་ནང་རྟེན་འབྲེལ་ཀུན། །ཐོག་མར་