R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༡༧༠
[A:༡༧༠]བྱུང༌། དགོན་པ་དེ་གཉིས་སུ་དམ་པ་དེ་ཉིད་ཀྱི་སྐུ་དྲིན་ལ་ཕ་རོལ་ཏུ་ཕྱིན་པའི་གཞུང་ལུགས་ལ་ཐོས་བསམ་གྱི་སྒྲོ་འདོགས་ཕལ་ཆེར་ཆོད། ངའོ་སྙམ་པའི་ང་རྒྱལ་མཆོག་རབ་ལས་མཐོ་བ་སུའི་རྩར་ཡང་དཔའ་ཞུམ་མི་དགོས་ཙམ་ཞིག་བདོག །ད་ལྟ་ནི་དགོན་པ་དེ་ལ་ལུགས་གཉིས་ཁྲིམས་ཀྱི་བྱ་བས་བོར་བའི་ཀརྨ་དགོན་གསར་ཞེས་གྲག་གོ །དེ་ནས་དམ་པ་དེ་ཉིད་ཆོས་གྲྭ་ཆེན་པོ་གསེར་མདོག་ཅན་དུ་ཤངས་པ་གྲ་ཚང་གི་སློབ་དཔོན་ལ་ཕེབས། ཞབས་ཕྱིར་བདག་གིས་ཀྱང་ཕྱིན། ལོ་ལྔ་ཙམ་བསྡད། པོ་ཏི་ཕྱི་མ་རྣམས་ལ་སྦྱངས་པ་མཐར་ཕྱིན་པ་བྱས། དགེ་འདུན་བརྒྱ་ཕྲག་བདུན་ཙམ་གྱི་དབུས་སུ་སྐྱེས་ཐོབ་དེ་ཉིད་ལ་སྟོན་གྲགས་ཆེ་བའི་ཚད་ཐུབ་པ་ཞིག་བྱུང་ངོ༌། །མཐའ་ཡས་སྲིད་མཚོའི་སྡུག་བསྔལ་སྐྱོབ་པའི་ཕྱིར། །རིག་གྲོལ་ལྡན་པ་བརྒྱ་ཕྲག་བདུན་གྱི་ཁྲོད། །ཕར་ཚད་འདུལ་སྡེ་ལ་སོགས་སྦྱང་ཚུལ་བྱས། །ནོར་མཆོག་བྱང་སེམས་སྡོམ་པས་རྒྱུད་ལས་ཕྱུག །མཁས་པའི་དབང་པོ་གྲགས་པ་ཐོགས་མེད་ཞབས། །བཅུ་ཕྲག་གཅིག་དང་བསེ་རུ་ལོ་གྲངས་བསྟེན། །ཁྱོད་ཀྱི་དྲིན་ལས་ཕུང་ཁམས་ཉོན་མོངས་ལྕགས། །གསེར་འགྱུར་རྩི་ཡི་རིན་ཆེན་རོལ་པར་བསྒྱུར། །དལ་འབྱོར་དོན་ཡོད་ཡིན་སྙམ་མི་མཚེར་གདའ། །དེ་ནས་གསུམ་པ་དགེ་སློང་ནི་ཉེར་བརྒྱད་པ་ལ་པཎ་ཆེན་ཆོས་ཀྱི་རྒྱལ་པོ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློའི་ཞབས་ཁྲི་ལ་མངོན་པར་མཐོ་བའི་གདན་ས་བརྒྱད་པ་འབུམ་རབ་འབྱམས་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ། གནས་བརྟན་འདུལ་བ་འཛིན་པ་དགེ་འདུན་ཉི་མ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་མཁན་པོ་དང༌། མཁས་པའི་དབང་པོ་གྲགས་པ་ཐོགས་མེད་ཀྱིས་ལས་སློབ་