[A:༡༧༩]པ། ཡུམ་གཙོར་བྱས་ཀྱི་བསྡུས་པ། དེ་དག་གི་རྒྱུད་རྒྱ་གཞུང་མ་ཚང་བ་མེད་པའི་ལུང༌། དེའི་ཐུན་མོང་མ་ཡིན་པའི་བཀའ་སྲུང༌། གཤིན་རྗེ་ཀཱ་ལ་དང་བི་ཀཱ་ལ་སྟེ་གཤིན་རྗེ་དམར་ནག་གི་རྗེས་གནང༌། དེའི་མན་ངག་རྒྱ་མཚོ་ལྟ་བུའི་ལུང༌། མན་ངག་ཐམས་ཅད་རྫོགས་པའི་མཐར་རྡོ་རྗེ་སློབ་དཔོན་བདག་པོ་ཆེན་པོའི་དབང་རྒྱས་པ། མདོར་ན་བདག་གི་ཡོངས་འཛིན་དམ་པ་དཔལ་པདྨ་རྒྱལ་པོ་རྡོ་རྗེ་ཡེ་ཤེས་རྩལ་གྱིས་དཀའ་བ་དུ་མ་ཁྱད་དུ་བསད་དེ་རྒྱལ་ཁམས་ཆུ་བཞིན་དུ་མྱུལ་ནས་བཙལ་བའི་གདམས་པ་ཟབ་མོ། །དབང་པོ་རབ་འབྲིང་ཐ་གསུམ། ཚེ་གཅིག་ལ་འཚང་རྒྱ་བའི་ལམ་ཟབ་མོ་འདི་ཉིད་ཞལ་ཤེས་ཕྲ་རགས་དང་བཅས་ཏེ། བདག་ལ་གཅིག་ཏུ་གདམས་པ་ཉམས་སུ་མྱོང་བ་ཡིན་ནོ། །ཚད་མེད་སླུ་བ་མེད་པའི་སྐྱབས་མགོན་དེས། །ཆོས་དབྱིངས་ཐུགས་ཀྱི་བང་མཛོད་སྒོ་ཕྱེ་ནས། །མཐར་བྱེད་གདུལ་བྱའི་རེ་བ་འགེངས་པའི་ཕྱིར། །བདུད་རྩི་ལྟ་བུའི་ཆོས་དེ་ཁོ་བོས་རྙེད། །བྱང་ཕྱོགས་བོད་ཀྱི་ཡུལ་གྲུ་གང་ནས་ཀྱང༌། །འདི་བླུག་གསེར་སྣོད་གཙང་མ་མ་རྙེད་པས། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་བཟོད་པར་བཞེས། །མི་སྨྲ་སྙིང་ནས་ཉམས་ལེན་དག་ལ་འབུང༌། །གཞན་ཡང་རྗེ་བཙུན་མཁྱེན་བརྩེའི་ཞབས་དྲུང་དུ་རང་ལོ་སོ་དྲུག་པ་ལ་དཔལ་གསང་བ་འདུས་པ་མི་བསྐྱོད་པ་དང༌། འཇམ་པའི་རྡོ་རྗེ་དང༌། སྤྱན་རས་གཟིགས་གསུམ་རས་བྲིས་ལ་བརྟེན་པའི་དབང་དང༌། ཟབ་ཅིང་རྒྱ་ཆེ་བའི་ཡི་གེ་མ་ཚང་བ་མེད་པའི་ལུང༌། དཔལ་དུས་ཀྱི་འཁོར་ལོའི་རཱ་འབྲོ་རྣམ་པ་གཉིས་ཀྱི་དབང་རྡུལ་ཚོན་ལ་བརྟེན་པ་བྱིས་འཇུག་དབང་བདུན། བདག་པོ་ཆེན་པོའི་དབང་དང་བཅས་པ། དེའི་བསྡུས་རྒྱུད་