[A:༡༨༩] སྟོབས་འཕྲོག་ནག་པོ་རྩེ་ལྔ་ཞལ་གྱི་རྗེས་གནང༌། ཞལ་བཞི་པ་གཙོ་བོར་གྱུར་པ། གདོང་བརྙན། དཀར་པོ་ཚེ་སྒྲུབ། སེར་པོ་བསོད་ནམས་རྒྱས་པ། དམར་པོ་དབང་སྡུད། སྔོན་པོ་བགེགས་འཇོམས་ཏེ་དྲུག་གི་རྗེས་གནང་རེ་རེ། འཁོར་ཞལ་གྱི་རྗེས་གནང༌། གདོང་བཞི་པ་ནག་པོ་དོམ་མཆོང་གི་རྗེས་གནང༌། མན་ངག་ལ་རྗེ་བླ་མ་ཚར་ཆེན་གྱིས་མཛད་པའི་དཀར་ཆག་ནང་ན་བཞུགས་པའི་ཡི་གེའི་ཚོགས་དང༌། དེར་མ་དུས་པའི་རྒྱ་བོད་ཀྱི་གསུང་རབ་དུ་མ་ཞིག་གི་ལུང༌། རྗེ་བཙུན་ས་སྐྱ་པ་ཡབ་སྲས་དང་དཔལ་ཁའུ་བྲག་རྫོང་པ་བརྒྱུད་བཅས་ཀྱི་ཐུགས་ཀྱི་ཟུངས་ཁྲག །ཧ་ལ་ནག་པོ་མ་ཡིག་བུ་ཡིག་ལག་ལེན་ཕྲ་རགས་དང་བཅས་པ་མ་ལུས་པ་ཐོབ་ཅིང་ཉམས་སུ་མྱོང་བ་དང་བཅས་པའོ། །འཁྲུལ་མེད་བརྒྱུད་པའི་གངས་དཀར་མཐོན་པོ་ལ། །དད་པའི་ལང་ཚོ་གསར་པའི་ཚ་ཟེར་གྱི། །དམ་ཆོས་བདུད་རྩིའི་ཆུ་རྒྱུན་ཕྱོགས་བཅུར་ཟགས། །རབ་འབྱམས་ཕྱོགས་བཅུའི་བློ་གསལ་རེ་བ་གང༌། །གྲུབ་གཉིས་འབྲས་བུ་སྨིན་པ་སངས་རྒྱས་རང༌། །ཚེ་འདིར་ཞིང་སྐྱོང་གོ་འཕང་གཉེར་བྱེད་པའི། །དད་བརྩོན་ལྡན་པའི་སྐལ་བཟང་ཇི་སྙེད་པ། །རིངས་པར་ཚུར་ཤོག་སྲུང་མ་འདི་བསྟེན་ཞིག །དོན་གྱི་ཁ་པོ་མ་ཡིན་གཟུ་བོས་གཟིགས། །གཞན་ཡང་རང་ལོ་སོ་དགུ་པའི་དུས་ཆོས་ཀྱི་འབྱུང་གནས་འདི་ཉིད་ཀྱི་དྲུང་དུ་ཇོ་བོ་རྗེ་ནས་བརྒྱུད་པའི་ཛམ་བྷ་ལ་དཀར་པོ་འབྲུག་ཞོན་གྱི་རྗེས་གནང༌། མཐུ་སྟོབས་ཐོགས་མེད་དཔལ་མགོན་སྟག་ཞོན་ནག་པོ་ལྷ་ལྔའི་རྗེས་གནང༌། དེའི་གཏོར་ཆོག་རྒྱས་འབྲིང་བསྡུས་གསུམ་སོགས་ཡི་གེ་མང་པོའི་ལུང༌། ཀླུ་པའི་གསེར་ཆོས་བཅུའི་ནང་ཚན་དཔལ་ལྡན་ས་སྐྱ་པའི་ཁྱད་ཆོས་ཚེ་དཔག་མེད་སྤྲུལ་སྐུའི་རྗེས་གནང༌།