[A:༡༨༨]པའི་རྒྱ་བོད་ཀྱི་གསུང་ཇི་སྙེད་དང་བཅས་ཏེ། མདོར་ན་སྲུང་མའི་དབང་པོ་འདི་ཉིད་ལ་ཡོངས་འཛིན་དམ་པ་རྣམ་བཞིའི་ཞལ་སྒོ་ལས་ཐོབ་པ་དང༌། ལྷག་པར་འགྲན་ཟླ་མ་མཆིས་པ་མཁྱེན་བརྩེའི་དབང་ཕྱུག་གི་ཞབས་ལས་བསྟན་དང་བསྟན་སྲུང་སུ་ལའང་སྨོན་པའི་རེ་བ་མི་བདོག་པས་ཚིག་དོན་ལག་ལེན་ཕྲ་རགས་ཀུན་ལ་སྦྱངས་ཏེ་ཁོང་དུ་ཆུད་པར་བགྱིས་སོ། །སྙན་བརྒྱུད་ཁྲག་མཚོ་འཁྱིལ་བའི་རྦ་ཀློང་ནས། །བཀའ་བབས་རྣམ་བཞི་ཡིད་བཞིན་ནོར་བུའི་མཛོད། །དངོས་གྲུབ་སྲིན་པོའི་གཟུགས་ཀྱིས་བདུད་དཔུང་བསྲེག །སྲིད་གསུམ་སྒྲོལ་བའི་ཁྲོ་རྒྱལ་ནག་པོ་དེས། །དུས་ཀུན་བྱང་ཆུབ་བར་གྱི་སྐྱེལ་མར་བྱོན། །གནས་སྐབས་ཀུན་ཏུ་ཚོགས་གཏོར་བརྒྱ་རྩས་བསྐང༌། །གསེར་སྣོད་སྐལ་བཟང་སྣོད་ལྡན་བུ་རྣམས་ལ། །ཁྱོད་ཀྱི་སྙན་བརྒྱུད་ཐང་མར་བརྡལ་ནས་སུ། །ལན་གྲངས་དུ་མར་སྤེལ་ཏེ་བཀའ་རྒྱས་བཏབ། །སྐལ་དམན་རྣམས་ལ་ནམ་མཁའི་པདྨོ་བཞིན། །སྲིད་མཐའི་བར་དུ་བསྟན་དང་བསྟན་འཛིན་སྐྱོང༌། །གཞན་ཡང་སྟོབས་འཕྲོག་ནག་པོ་ཆེན་པོ་ཞལ་བཞི་པའི་མན་ངག་རྒྱ་མཚོ་ལྟ་བུ་ནོས་པ་ལ་རི་སུལ་གྱི་རྣལ་འབྱོར་མ་ལས་བརྒྱུད་དེ་འོངས་པའི་བསྙེན་དུས་ཀྱི་མགོན་པོའི་རྗེས་གནང༌། ཙ་ཏུར་མུ་ཁ་དཀར་པོའི་ཚེ་དབང༌། དཔལ་མགོན་ཁྱུང་ཞལ་ཅན་གྱི་རྗེས་གནང༌། སྐུ་གདོད་མའི་མགོན་པོ་སྔོན་དུ་བྱེད་པ་གསང་སྒྲུབ་ཀྱི་རྗེས་གནང་ཟབ་མོ། །སྒྲུབ་དུས་ཀྱི་མགོན་པོ་ཞལ་ཁྲ་ཅན་གྱི་རྗེས་གནང་ཐུན་མོང་དང་ཐུན་མོང་མིན་པ། གདོང་བརྙན་ཅན་གྱི་རྗེས་གནང་དཔོགས་ཆོག །གནད་དབབ་ཀྱི་མགོན་པོ། །བྲམ་ཟེ་སྔགས་པར་གཏད་པ་རྣམས་ཀྱི་རྗེས་གནང་ཟབ་མོ་རེ་རེ་དང་མཐུ་སྟོབས་རྫོང་ཆུང་པ་ལས་བརྒྱུད་དེ་འོངས་པའི་ཙ་ཏུར་མུ་ཁའི་རྗེས་གནང༌།