[A:༡༥༥]སྐྱབས་སུ་མཆི། །རིག་གནས་མཐར་ཕྱིན་དགེ་འདུན་ཉི་མ་དང༌། །འཁྲུལ་མེད་བརྒྱུད་པའི་མངའ་བདག་ཨེ་ཝཾ་པ། །ཡོངས་གྲགས་འཇམ་མགོན་བླ་མ་ནག་པོ་པ། །འཛམ་གླིང་བླ་མ་གསུམ་ལ་ཕྱག་འཚལ་ལོ། །རྨད་བྱུང་ཐུགས་རྗེའི་ཚ་ཟེར་གཟི་འོད་འབུམ། །འགྲོ་ཀུན་མི་ཤེས་ལྡོངས་པའི་སྒྲིབ་ལས་གྲོལ། །རྒྱ་བོད་བརྒྱུད་པའི་བླ་མའི་ཚོགས་རྣམས་ལ། །སྒོ་གསུམ་གུས་པས་རྟག་ཏུ་ཕྱག་བགྱིད་དོ། །རྒྱུད་ཀུན་རྩ་བ་སྨིན་བྱེད་དབང་བཞིའི་ལམ། །ཚེ་གཅིག་འབྲས་བུ་སྔོན་དུ་བྱེད་པའི་མཆོག །ཐབས་མཁས་དབང་དུ་བརྗོད་མཛད་བླ་མའི་ཚོགས། །འབད་པས་བྱང་ཆུབ་བར་དུ་འདུད་དོ་སྐྱོངས། །ཧེ་རུ་ཀ་དཔལ་བདག་མེད་ལྷ་མོའི་ཚོགས། །བདེ་ཆེན་ཁྲོ་ཆགས་ཕག་མོས་ཡོངས་འཁྱུད་གསུམ། །འཇམ་པའི་དབྱངས་དང་མི་བསྐྱོད་རྡོ་རྗེ་སོགས། །ལྷག་པའི་ལྷ་མཆོག་ཚོགས་རྣམས་སྙིང་དབུས་བཞུགས། །ལྷག་པའི་ལྷ་མཆོག་རབ་ཁྲོས་ཁྲོ་བོའི་གར། །དྲན་པས་སྙིང་གི་གདུང་སེལ་འཇམ་དཔལ་དབྱངས། །རྨད་བྱུང་དངོས་གྲུབ་མྱུར་སྩོལ་ཡང་