[A:༡༥༦]ཕུར་ཞེས། །ལྷག་པའི་ལྷ་ཚོགས་ཁྱོད་ཀྱིས་རིང་དུ་སྐྱོངས། །ཡི་དམ་ཚོགས་ཀུན་ཁྲོས་པའི་མཁའ་དབྱིངས་ལས། །རྨད་བྱུང་མཐུ་སྟོབས་ཟེར་འཕྲེང་བྱེ་བ་བརྒྱས། །བདུད་དཔུང་མུན་པ་མཐར་བྱེད་སྲུང་མའི་ཚོགས། །བསྟན་སྲུང་ཉིན་མོའི་མགོན་གྱིས་མ་གཏོང་ཞིག །མདོར་ན་རྩ་བརྒྱུད་བླ་མ་དཀོན་མཆོག་གསུམ། །རབ་འབྱམས་རྒྱལ་བ་ཡི་དམ་མཁའ་འགྲོར་བཅས། །བསྟན་སྲུང་ནོར་ལྷ་གཏེར་བདག་སྐྱབས་གནས་རྣམས། །དུས་ཀུན་བྱང་ཆུབ་བར་དུ་ཕྱག་འཚལ་ཏེ། །སྐྱབས་གནས་སྔོན་བྱོན་དུ་མའི་རྗེས་ཞུགས་ནས། །སྤྲང་པོའི་རྟོགས་བརྗོད་སྒྲོ་བཀུར་སྤངས་པའི་གཏམ། །དད་ལྡན་གུས་པའི་ཞལ་ངོ་མ་བཟློག་པར། །ངལ་མཛེམ་སྤངས་ཏེ་ཅུང་ཟད་བྲི་བར་བགྱིད། །བདག་སྐྱོན་ས་ཆེན་རྡུལ་ལྟར་ཡོན་ཏན་ནི། །ཉིན་མོའི་སྐར་མ་ཙམ་དུ་ཟད་མོད་ཀྱང༌། །སྐྱོན་རྣམས་རྐུན་པོའི་ནོར་བཞིན་རབ་སྦས་ནས། །ཡོན་ཏན་གང་ཡོད་ལྷུག་པར་བྲི་བར་བགྱི། །གྲུབ་པར་གྱུར་ཅིག །དེ་ལ་གཙང་སྟོད་གཡས་རུ་མྱུག་གི་རྒྱལ་ཁབ་ཏུ་སྐྱེ་བ་བླངས་ནས་ཡོངས་འཛིན་དམ་པ་མང་པོ་དང༌། ཆེས་མཆོག་ཏུ་སྐུ་དྲིན་ཆེ་བའི་དབང་པོར་གྱུར་པའི་རྗེ་བཙུན་མཁྱེན་བརྩེའི་དབང་པོ་ཡབ་སྲས་གསུམ་གྱི་སྐུ་དྲིན་ལས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ལ་མི་ཕྱེད་པའི་དད་པ་དང་ཡིད་ཆེས་པའི་མཐུས། རིས་མེད་པའི་ཆོས་ཀྱི་རྒྱ་མཚོ་ཆེན་པོར་འཇུག་པའི་སྤྲང་རྒན་རིག་པ་འཛིན་པ་བསོད་ནམས་ཆོས་འཕེལ་ཞེས་བགྱི་བ་བདག་གིས་ལོ་བཅུ་ལོན་པ་ན་གྲུབ་པ་མཆོག་གི་དབང་པོ་བསོད་ནམས་དཔལ་འབྱོར་གྱི་ཞབས་ལས་རབ་ཏུ་བྱུང་བ་ནས་བཟུང་དེང་གི་བར་དུ་བླ་མ་དམ་པའི་སྐུ་དྲིན་ལས་རྙེད་པའི་ཡོན་ཏན་ཅུང་ཟད་ཙམ་ཞིག་དད་ལྡན་གྱི་ཞལ་