R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༡༩༨
[A:༡༩༨]རང་བྱུང་རང་ཤར་སྟེ་བཀའ་བརྒྱ་གཙོ་བོ་སྡེ་གསུམ་རྡུལ་ཚོན་ལ་བརྟེན་ནས། ཀུན་བཟང་གཉིས་པའི་དྲུང་དུ། སྔོན་དུ་རྩ་དབང་གིས་རྒྱུད་སྨིན་པ་དེ་རྣམས་ལ། གསང་བ་ཡོངས་རྫོགས་སྒྲུབ་དབང་ཤིན་ཏུ་རྒྱས་པ་བདུད་རྩི་སྨན་སྒྲུབ་བཅས་པ་ལན་མང་དུ་ཐོབ་ཅིང༌། གཞན་ལོ་ཙཱ་དང་གཏེར་ཁ་མི་གཅིག་པ་ཁ་ཡར་དུ་བཞུགས་པའི་ཟབ་པ་སྐོར་དགུ་སོགས་བཀའ་བརྒྱད་ཀྱི་དབང་རྒྱས་འབྲིང་མི་གཅིག་པ་བཅུ་གསུམ་ཙམ་ཐོབ་ཅིང༌། བདེ་འདུས་གསང་བ་ཡོངས་རྫོགས་རང་བྱུང་རང་ཤར་རྣམས་ཀྱི་པོད་ཁ་ཡོངས་རྫོགས་རེ་རེ། ཨྱོན་གཉིས་པའི་དྲུང་དུ་ལྷོ་བྱང་གི་གཏེར་ཁ་དུ་མ་ཞིག་ཐོབ་པ་ལ། རྡོ་རྗེ་དྲག་པོ་རྩལ་གྱི་བྱིན་རླབས་ཐུགས་དབང༌། རྡོ་རྗེ་དྲག་པོ་རྩལ་ལྷ་ཉི་ཤུ་རྩ་དྲུག་གི་དབང་རྒྱས་འབྲིང་གཉིས། རྡོ་རྗེ་དྲག་པོ་རྩལ་སྒྲུབ་སྡེ་བརྒྱད་ཀྱིས་བསྐོར་བའི་བུམ་དབང་རྒྱས་པ། རྡོ་རྗེ་ཕག་མོ་ཁྲོས་མ་ནག་མོའི་དབང༌། ཀ་དག་ལྷུན་གྲུབ་རིག་པའི་རྩལ་དབང་ཟབ་མོ། །བླ་མ་ཡུམ་ཆེན་གྱི་གཏོར་མའི་དབང་བཞི། བླ་མ་རིགས་འཛིན་གདུང་སྒྲུབ་ཀྱི་རྩ་བའི་དབང་རྣམ་པ་ཉི་ཤུ་པ་དང༌། སྒྲུབ་དབང་རྒྱས་པ། གཏོར་དབང་ཐོབ་མཆོག་བློ་བདེ་དང་བཅས་པ། ཀུན་བཟང་གཉིས་པའི་དྲུང་དུ། ལྷོ་གཏེར་མཁའ་འགྲོ་ཆེན་མོ། །འཇམ་དཔལ་ནཱ་ག་རཀྴ་ཕག་མོ་དབུ་བཅད་མ། ཡང་གསང་རྡོ་རྗེ་ཕག་མོ་ཁྲོས་མ་ནག་མོ་ཞལ་གཉིས་མ་ལྷ་ལྔའི་དབང་དང་བཅས་པ། ཨྱོན་གཉིས་པའི་དྲུང་དུ་ཐུགས་རྗེ་ཆེན་པོ་ལྷ་ལྔའི་དབང༌། ལྷ་ལྕམ་པདྨ་གསལ་གྱི་སྐྱེས་མཐའ་སྤྲུལ་སྐུ་པདྨ་གླིང་པས་སྨན་བྲག་ནས་སྤྱན་དྲངས་པའི་ཟབ་ཆོས་བླ་མ་ནོར་བུ་རྒྱ་མཚོའི་དབང་རྣམས་སྒྲུབ་ཆེན་མཚན་ཉིད་རྫོགས་པའི་སྒོ་ནས་རྡུལ་ཚོན་གྱི་དཀྱིལ་འཁོར་སོ་སོར་ཐོབ་པ་ལ། ཐོག་མར་སྟ་གོན་དབང་ཆོག་