R178: བྷུ་སུ་ཀུའི་རྣལ་འབྱོར་པ་འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྒྱལ་ཁམས་བསྐོར་བའི་རྟོགས་བརྗོད་ཀྱི་ཕྲེང་བ་བཞད་གད་ཆེན་མོ།

  • Pagination (Witness A): ༡༩༧
[A:༡༩༧]གདམས་གླེགས་བམ། ཐུབ་པ་དགོངས་གསལ་སོགས་ས་སྐྱ་བཀའ་འབུམ་ཆ་རམ། རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་བཀའ་འབུམ་སོགས་མཐའ་ཡས་པ་ཞིག་ནོས་པ་ཡིན་ནོ། །ཕ་མཐའ་མེད་ཀྱང་ནམ་མཁའི་ཁམས་ལ་བྱིས་པས་གཞལ། །རྟོགས་པ་མེད་ཀྱང་ཆོས་ཀྱི་མཚོ་ལས་སྤྲང་པོས་བརྒལ། །མྱོང་བ་མེད་ཀྱང་ཐར་པའི་མཁར་ལས་བཙན་ས་འཛིན། །འགྲོ་རྒྱུ་མེད་ཀྱང་འོག་མིན་ལ་སོགས་ཆོས་ཉིད་ཐིམ། །རྣམ་དཔྱོད་བློ་གྲོས་ལྡན་པའི་མིག་བྲལ་ཡང༌། །དྲན་པའི་བསམ་པས་ཐུབ་པའི་བསྟན་ལ་བྱ་ར་སྒྲིམ། །རྒྱལ་སྲས་སྤྱོད་པ་ལྷག་བསམ་བྱང་ཆུབ་སེམས་ཉིད་ལ། །རྟག་ཏུ་བསླབ་དང་གོང་འཕེལ་སྨོན་པར་གྱུར། །གཉིས་པ་རྙིང་མ་བའི་དབང་ལུང་རྗེས་གནང་ལ། །རྣམ་གྲངས་ཀྱི་སྒོ་ནས་བརྗོད་ན། བཀའ་མ་དང་གཏེར་མར་བཅས་པ་འདུག་པ་ཕྱོགས་གཅིག་ཏུ་བརྗོད་ན། ཀུན་བཟང་གཉིས་པ་རིགས་འཛིན་ཆེན་པོའི་ཞབས་དྲུང་དུ་བཀའ་བརྒྱད། བཀའ་མ་རྫོང་འཕྲེང་མ་དང༌། སྡེ་སྣོད་གསུམ་དང༌། རྒྱུད་སྡེ་བཞི་སོགས་མཐའ་དག་གི་དོན་མདོ་དབང་ཟབ་མོ་དང༌། དེ་ནས་རང་ལོ་ཞེ་གཅིག་པ་ལ། ཨྱོན་སྐུ་དངོས་མཁྱེན་བརྩེའི་ཞབས་དྲུང་དུ། མཁའ་ལ་རིགས་འཛིན་གྱི་གྲལ་མ་ཞིག །ས་ལ་དཀྱིལ་འཁོར་གྱི་བཀྲག་མ་ཉམས། བར་དུ་དམ་རྫས་ཀྱི་དྲི་མ་ཡལ་བའི་གསང་ཆེན། མངའ་བདག་ཉང་གིས་སྲིན་མོ་སྦར་རྗེས་ནས་སྤྱན་དྲངས་པའི་བཀའ་བརྒྱད་བདེ་གཤེགས་འདུས་པ། གུ་རུ་ཆོས་ཀྱི་དབང་ཕྱུག་གིས་གནམ་སྐས་ཀྱི་ཀླུ་བདུད་ནག་པོའི་ལྟོ་ནས་སྤྱན་དྲངས་པའི་གསང་བ་ཡོངས་རྫོགས། རིགས་འཛིན་དངོས་གྲུབ་རྒྱལ་མཚན་གྱིས་དུག་སྦྲུལ་དཔུང་འདྲའི་དབུས་མཆོད་མཛོད་ནས་སྤྱན་དྲངས་པའི་