[A:༢༠༠]སྤྱན་དྲངས་པའི་གཤིན་རྗེ་འཇོམས་བྱེད་འབར་བ་ལྷ་བཞི་བཅུ་རྩ་གཅིག་གི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་དབང༌། གཤིན་རྗེ་གཤེད་དམར་པོའི་ཚེ་དབང༌། བཀའ་མ་ཡང་དབང་བརྒྱུད་མན་ངག་དེ་མཚུངས་དང་བཅས་པ་ལུས་པ་མེད་པར་ཁོང་དུ་ཆུད། རང་བཞིན་རྫོགས་པ་ཆེན་པོ་ཡང་ཏིག་སངས་རྒྱས་མཉམ་སྦྱོར་གྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་གསུང་རབ་མཐའ་དག་གི་ལུང༌། སྣ་ནམ་པ་ཆེན་པོ་རྡོ་རྗེ་བདུད་འཇོམས་ཀྱི་སྐྱེ་མཐའ་སྤྲུལ་སྐུ་རྡོ་རྗེ་གྲོ་ལོད་རྩལ་གྱི་བསམ་ཡས་རྣམ་སྣང་ཐུགས་སྒྲོམ་ནས་སྤྱན་དྲངས་པའི་ཟབ་ཆོས། བླ་མ་བཀའ་བརྒྱད་ཡོངས་འདུས་ཀྱི། བླ་མ་ཞི་བའི་སྐོར་རིགས་འཛིན་རྩ་བའི་དབང་རྣམ་པ་ཉི་ཤུས་བྱང་ཆུབ་པ་དང༌། སྒྲུབ་དབང་རྒྱས་པ་དང་བཅས་པ་རྡུལ་ཚོན་ལ་བརྟེན་པ་དང༌། ཉང་རལ་གྱིས་སྲིན་མོ་སྤར་རྗེས་ནས་ཁ་བྱང་དང་ལྷན་ཅིག་ཏུ་སྤྱན་དྲངས་པའི། གུ་རུ་རྣམ་པ་བཅུ་གཉིས་ཀྱི་དབང༌། བཀའ་བརྒྱད་ཡོངས་འདུས་ཀྱི་ནང་ཚན་ཨྱོན་ཚེ་དཔག་མེད་ཞལ་གསུམ་ཕྱག་དྲུག་པ་ཡུམ་ལྷ་མོ་སོ་གཅིག་གིས་བསྐོར་བའི་དབང་རྡུལ་ཚོན་ལ་བརྟེན་པ་དང༌། དྲག་པོ་དམར་ཆེན་དབུ་དགུ་ཕྱག་བཅོ་བརྒྱད་པའི་སྨིན་བྱེད་དབང་གསང་བ་ཡེ་ཤེས་རང་གསལ་གྱི་དབང༌། རྩ་བའི་བདེ་ཆེན་རོལ་པ་སྒྲུབ་པ་རྒྱས་པ་ལྷ་དབང་བཅས་པ་རིན་ཆེན་བདུན། འཕྲིན་ལས་བཞི་སྟེ་ཕན་པའི་དབང་གསུམ། ནུས་པའི་དབང༌། རིགས་བརྒྱུད་སྤེལ་བའི་དབང༌། གསང་བའི་དབང༌། ཤེས་རབ་ཡེ་ཤེས་ཀྱི་དབང༌། དབང་བཞི་པ་རྣམས་སྒྲུབ་ཆེན་རྒྱས་པར་གནང་བའི་སྒོ་ནས་ཐོབ། བཀའ་འདུས་ཀྱི་ནང་ཚན་ཚེ་བདག་འོད་ཀྱི་ཐིག་ལེའི་སྐོར་ལ། བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད་ཕྱག་རྒྱ་ཆེན་པོ་ཟིལ་གྱིས་གནོན་པའི་འཇམ་དཔལ་ཞི་ཁྲོའི་