[A:༢༠༢]གཏེར་གཉིས་ལ། ཞི་ཁྲོ་རྩ་བའི་དཀྱིལ་འཁོར་གཉིས། པདྨ་བརྒྱ་ལྡན་གྱི་དཀྱིལ་འཁོར་བརྒྱད་དེ་རས་བྲིས་ཀྱི་དཀྱིལ་འཁོར་ཆེན་པོ་བཅུར། རྒྱ་གཟིགས་སྟོན་པའི་ཡི་གེའི་སྟེང་ནས་སྨིན་རྒྱས་སུ་མ་ཚང་བ་མེད་པར་སྩལ་ཞིང་ཁོང་དུ་ཆུད། སྤྲུལ་སྐུ་ཆེན་པོ་སངས་རྒྱས་གླིང་པས་གྱེ་རེ་བྱེ་མ་དཀར་པོའི་ཆུ་རོང་ནས་སྤྱན་དྲངས་པའི་ཚེ་སྒྲུབ་ཉི་མ་ཁ་སྦྱོར། འཕགས་པ་སྤྱན་རས་གཟིགས་དམར་པོ་ཞལ་གཅིག་ཕྱག་བཞི་པ་ཡུམ་ལྷ་མོའི་ལྔའི་དཀྱིལ་འཁོར་དུ་ཚེ་དབང་ཟབ་མོ། །པདྨ་གླིང་པས་ལྷོ་བྲག་སྨན་མདོ་ནས་སྤྱན་དྲངས་པའི་ཚེ་དཔག་མེད་ལྷ་ཉེར་བརྒྱད་ཀྱི་དབང༌། སྐུར་རྗེས་རྡོ་རྗེ་གུར་ནས་སྤྱན་དྲངས་པའི་ཚེ་སྒྲུབ་རྡོ་རྗེ་འཕྲེང་བའི་དབང༌། པདྨ་ལས་འབྲེལ་རྩལ་གྱིས་སྤྱན་དྲངས་པའི་རྟ་མགྲིན་གྱི་དབང༌། ཆོས་དབང་གིས་གནམ་སྐས་ནས་སྤྱན་དྲངས་པའི་ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས། རྗེ་བཙུན་ཀརྨ་པའི་ཁྱད་ཆོས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་བཅུ་བདུན་གྱི་རྒྱལ་བ་རྒྱ་མཚོའི་ཞིང་བཀོད་པའི་གཏོར་དབང༌། ཚེ་དབང༌། རྒྱལ་སྲས་རྡོ་རྗེ་གླིང་པས་མོན་བུམ་ཐང་ཆུ་མུ་ནས་སྤྱན་དྲངས་པའི་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་སྤྲུལ་སྐུ་སངས་རྒྱས་གླིང་པས་ཕུག་རི་ཕུག་མོ་ཆེ་ནས་སྤྱན་དྲངས་པའི་ཐུགས་རྗེ་ཆེན་པོ་ནོར་བུ་ལུགས་ཀྱི། རྒྱ་སྟོན་པདྨ་དབང་ཕྱུག་གིས་གངས་བར་ཕུག་མོ་ཆེ་ནས་སྤྱན་དྲངས་པའི་ཐུགས་རྗེ་ཆེན་པོ་ཡིད་བཞིན་ནོར་བུའི། ཆོས་དབང་གིས་ལྷོ་བྲག་མཁའ་ཆུ་ནས་སྤྱན་དྲངས་པའི་ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་སྐྱེ་བདུན་སྒྲུབ་ཆེན་དང་རྗེས་སུ་འབྲེལ་བའི་རྩ་སྒྲུབ་ཀྱི་དབང་མ་བུ་ཚང་བ་སྐྱེ་བ་བདུན་པའི་དབང་དང་བཅས་པ། ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་ལྷ་སོ་བདུན་གྱི་དབང་རྡུལ་ཚོན་ལ་བརྟེན་པ་དང༌། ཕྱག་མཚན་ཞེ་གཉིས་ཀྱི་རྗེས་གནང༌། སྤྲུལ་སྐུ་བྱ་མང་པོས་ལྷ་མཚོ་སྲིན་མཚོ་ནས་སྤྱན་དྲངས་པའི་ཀུན་བཟང་ཐུགས་གཏེར་གྱི་དབང་ལུང་རྗེས་གནང་དང་བཅས་པ། གྲུབ་ཆེན་མི་ཏྲ་ཛུ་གི་ལྷ་ལྔའི་བྱིན་རླབས། དཔལ་མགོན་མ་ནིང་དྲེགས་པའི་སྲོག་