[A:༢༠༤]བཀའི་བཀའ་གཏད། བུམ་ཐང་གི་བཀའ་སྲུང་དྲག་པོ་གསུམ་སྒྲིལ་གྱི་བཀའ་གཏད། དུག་སྤྲུལ་སྤུངས་འདྲའི་གནས་བདག་ཀླུ་རྒྱལ་འཆི་མེད་ཉེ་བའི་དབང་པོའི་བཀའ་གཏད་དང་བཅས་པ། དེ་དག་གཏེར་ཁ་སོ་སོའི་ཤོག་སེར་བུ་ཡང་བུ་དང་བཅས་པའི་སྒྲུབ་ཐབས་ལས་ཚོགས་ཇི་སྙེད་པ་དང༌། པདྨ་བཀའ་ཆེམས། པདྨ་ཐང་ཡིག་མི་འདྲ་བ་བཅུ་གཅིག་ཙམ་དང༌། མ་ཎི་བཀའ་འབུམ། རྙིང་མའི་རྒྱུད་འབུམ། གཤིན་རྗེ་གཤེད། འཆར་ཀ་ཚེ་བདག་དང་བཅས་པའི་དབང་ལུང་རྗེས་གནང་ཡོངས་རྫོགས་སྔགས་བསྡེབས་དང་བཅས་ལེགས་པར་སྦྱངས་ཤིང་ཁོང་དུ་ཆུད། མདོར་ན་ལམ་འདིའི་ཕྱོགས་ལ་ཡང་ཕ་རིགས་འཛིན་ཆེན་པོ་དང་རྗེ་བཙུན་མཁྱེན་བརྩེའི་དབང་ཕྱུག་གི་སྐུ་དྲིན་ལས་དིང་སང་གི་མིང་བཏགས་ཀྱི་སྔགས་པ་ཆུ་རྡོ་དང་འདྲ་བ་རྣམས་དང་ཅུང་མི་འདྲ་བ་ཞིག་བདོག །གཞན་ཡང་རང་ལོ་ཞེ་གཉིས་པ་ལ། སྡེ་སྲིད་བཀྲ་ཤིས་སྟོབས་རྒྱལ་དྲུང་གིས་སྡེ་པར་བདག་རྫོང་སྟར་གྱིས་གསུང་པའི་ཕྱག་དམ་དང༌། ངོས་རང་ལ་ཡང་ཕྱག་དམ་ཕེབས་པའི་ནང་ན། འདིར་འབྲེལ་ཚད་དོན་ལྡན་དཔལ་པདྨ་རྒྱལ་པོ་རྡོ་རྗེ་ཡེ་ཤེས་རྩལ། མངའ་རིས་རིགས་འཛིན་ཆེན་པོ་སྤྱན་དྲངས་ཏེ་གསང་ཆེན་དང་ཆོས་ཀྱི་སྒོ་མོ་ཕྱེ་སྟེ། ཚེ་གཅིག་ལ་ཀུན་ཏུ་བཟང་པོའི་གོ་འཕང་མངོན་དུ་བྱེད་པའི་ཐབས་ཐེག་པ་ཡོངས་རྫོགས་ཀྱི་ཉམས་ལེན་ཐོས་པས་གྲོལ་བའི་སྒྲུབ་པ་ཆེན་པོ་བཀའ་བརྒྱད་ཀྱི་སྐོར་སོགས་གསོལ་བ་འདེབས་རྒྱུ་ཡིན་པས། དེ་བར་གྱི་ཕྱག་གཡོག་དང་ཆོས་ཉན་པ་ལ་ཤོག་གསུང་བྱུང་བས། ས་དང་པོའི་རྟོགས་པ་མངོན་དུ་གྱུར་པ་ལྟ་བུའི་སྤྲོ་བ་ཉི་མ་ཤར་བ་ལྟར་བྱས། དེ་འཕྲལ་ཆས་ནས་གནས་གསར་ནས་ཀྱི་ན་བཟའ་དངོས་གཙང་བ་རྣམ་གྲངས་གཉིས་ཀྱིས་གཙོས་པའི་འབུལ་