[A:༢༠༥]བ་འདྲ་དང་བཅས་རས་འཛིམས་ཀྱི་ལ་མོ་ལ་བྱས་ཡོངས། གཏེར་སྟོན་ཉིད་ལྷོ་ནས་ཚུར་ཕེབས་པའི་ལམ་བར་དུ་ཞབས་རྗེས་ཟིན་ལ་རེས་ཉིན་མཚན་དལ་མེད་ཡོངས་ཀྱང་ཅུང་མ་ཟིན། འདར་སྟོད་གྲང་མོ་ཆེའི་མདུན་སར་ཅུང་ཟད་ངལ་གསོས། རྗེ་བཙུན་ཆོས་ཀྱི་རྒྱལ་པོ་ཚར་པ་རྗེའི་རིན་ཐང་མེད་པའི་སྐུ་གདུང་རིན་པོ་ཆེ་ལ་ལུས་འདི་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་ཕྱག་འབུལ་བྱས། དེ་ནས་ཤར་མར་ཕྱིན་སྔགས་རྙིང་མའི་ཆོས་གྲྭ་རྒྱུན་མི་འཆད་སྒྲོག་པ་དགོན་ཕུག་པའི་མདུན་སར་ཚ་བ་བྱས། དེ་ནུབ་ཀླུ་ལུང་དུ་བསྡད། སང་སྔ་བར་ཕྱིན་ཏེ་སྡོད་ཀྱི་ཕུག་པོ་ཆེར་མཇལ། འབུལ་རྒྱུ་རྣམས་ཕུལ་བས་ན་བཟའ་རྣམས་དེ་འཕྲལ་བཞེས་ཐུགས་དགྱེས་དགྱེས་ཀྱི་ཞལ་ཏ་མང་དག་གནང༌། བླ་མ་དྲག་པོའི་བྱིན་རླབས་ཐུགས་དབང་བཀའ་དྲིན་སྩལ། དེ་ནས་རྒྱལ་པོའི་ཕོ་བྲང་དུ་ཕེབས་འཇིག་རྟེན་གྱི་འདོད་རྒུ་ནི་ལྷའི་དཔལ་ལ་འགྲན་བསྡོ་བ་ཙམ་འདུག །བཀའ་བརྒྱད་བདེ་འདུས། གསང་བ་ཡོངས་རྫོགས། རང་བྱུང་རང་ཤར་ཏེ་སྒྲུབ་པ་ཆེན་པོ་གསུམ་སྦྲེལ་མར་གནང༌། ཕ་པདྨ་རྒྱལ་པོས་གཙོ་བུམ་བཟུངས་ཐག །བདག་གིས་ཡང་དག །སྡེ་སྲིད་སྐུ་མཆེད་ཀྱིས་འཇམ་དཔལ་དང༌། རྟ་མགྲིན་སོགས་ཀྱི་བུམ་པ་སོ་སོའི་བཟུངས་ཐག་འཛིན་པའི་སྐལ་བ་བཟང་པོའི་དཔོན་སློབ་རྣམས་ཀྱིས་ཟླ་བ་གསུམ་གྱི་བར་ལ་སྒྲུབ་པ་མཛད། སྒྲུབ་དབང་མཛད་དུས་གཙོ་བུམ་དང་ཡང་དག་གི་བུམ་པ་མ་གཏོགས། གཞན་མ་བུམ་པ་ཐམས་ཅད་ཆུ་དང་དབྱེར་མེད་དུ་འཁྱགས་ནས་བུམ་ཆུ་གནང་རྒྱུ་མི་འདུག །གཏེར་ཁ་དེ་གསུམ་གྱི་ཤོག་སེར་ལས་ཇི་ལྟར་བྱོན་པའི་ཡི་གེ་རྣམས་ཀྱི་ལུང༌། སྒྲུབ་ཆེན་དེ་གསུམ་གྱིས་གཙོས། ཀུན་བཟང་ཐུགས་གཏེར། བྱང་གཏེར་གྱི་མཛོད་ལྔའི་